དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-20

    ◆སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུ་དང་། རྒྱལ་ཡོངས་དྲིལ་བསྒྲགས་པུའི་པུའུ་ཀྲང་ཚོགས་འདུ། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་། 2022ལོའི་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་། འདུ་ཤེས་འཛིན་སྟངས་དང་དྲིལ་བསྒྲགས་བསམ་བློ་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ལས་དོན་གཙོ་བོ་བཀོད་སྒྲིག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་ནང་། དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་གྱི་འགན་འཁྲི་དང་ལས་འགན་དང་སྤྱིའི་བསམ་ཕྱོགས་གསལ་སྟོན་གཏིང་ཟབ་གནང་ནས་ང་ཚོར་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་དུས་བབ་དང་ལས་འགན་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་ཐད་རིག་པ་ལྕགས་སྐུད་བཞིན་སྒྲིམ་པ། ལས་ཀའི་རྒྱང་ལྟའི་རང་བཞིན་དང་སྔོན་མཐོང་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བག་གཡེང་གི་བསམ་བློ་དང་། དམག་འཐབ་ལ་བསུན་སྣང་གི་བསམ་བློ། སྟེས་དབང་གི་བསམ་བློ། ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་བླང་བྱ་དང་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་དམིགས་སར་འབྱོར་ཐུབ་པ་དང་། སྟོབས་ཤུགས་དང་བཀོད་སྒྲིག་དམིགས་སར་འབྱོར་ཐུབ་པ། ལས་དོན་ཞིབ་ཕྲ་དམིགས་སར་འབྱོར་ཐུབ་པ། བྱ་ཐབས་ལག་བསྟར་དམིགས་སར་འབྱོར་ཐུབ་པ། འགན་འཁྲི་དོན་འཁྱོལ་དམིགས་སར་འབྱོར་བ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་དམིགས་སར་འབྱོར་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཆབ་སྲིད་དེ་བས་བདེ་འཇགས་དང་། སྤྱི་ཚོགས་དེ་བས་བརྟན་ལྷིང་། མང་ཚོགས་དེ་བས་བདེ་འཁོད་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིམས་བཞིན་ཤུགས་སྣོན་རྒྱག་པ་དང་། ཁྲིམས་བཞིན་བོད་སྐྱོང་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་སྒྲུབ་པ་བཅས་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། “ཁྲིད་སྟོན”ཐད་མུ་མཐུད་ཤུགས་རྒྱག་པ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”ཀྱི་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་བ་བཅས་བྱས་ནས། རྒྱ་ཆེའི་གྲྭ་བཙུན་ལ་རང་རྟོགས་ངང་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྲུང་སྐྱོང་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲང་ཕྱོགས་དྲིལ་བསྒྲགས་ཡག་པོ་བྱེད་པ། དྲ་རྒྱའི་གླེང་ཕྱོགས་ལེགས་སུ་གཏོང་བ་བཅས་བྱས་ནས་ཞི་མཐུན་བརྟན་ལྷིང་དང་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱས་ཏེ་དུས་བབ་གསར་པའི་འོག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། འགྱུར་ལྡོག་ཕྱིན་པའི་གནས་ཚུལ་དང་དུས་བབ་དང་འཚམ་པར་བྱས་ཏེ། བསམ་བློའི་འདུ་ཤེས་རྒྱུན་ཆད་མེད་པར་གསར་སྒྱུར་དང་། ལས་ཀ་བྱེད་སྟངས་ལེགས་བཅོས། ལས་ཀའི་བྱ་ཐབས་ལེགས་སྒྱུར། སྔ་གོམ་སོར་གནས་འདོར་བ། སྔ་སྲོལ་དམ་བཟུང་གཏན་ནས་མི་བྱེད་པ། དམ་པ་དོན་གཉེར་གྱི་རྣམ་འགྱུར་དང་གསར་གཏོད་ཕོད་པའི་སྙིང་སྟོབས་ལ་བརྟེན་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ལ་འགན་ལེན། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་ལེན་བཅས་ཀྱི་འགན་འཁྲི་དང་ལས་འགན་ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་། ཁྲིམས་བཞིན་བོད་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་སྲིད་ཁྲིམས་བྱ་གཞག་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་ཆེན་རིང་གི་ལས་དོན་ཁག་སེམས་རྩ་འཁོལ་ལ་བརྩེ་སེམས་ཟབ་པ་དང་ནུས་པ་ལྡན་ལ་ཕན་འབྲས་ལྡན་པའི་སྒོ་ནས་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ལ་བཀྲ་ཤིས་འཆམ་མཐུན་དང་། དུས་བདེ་བདེ་འཇགས་ཀྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཚན་རིག་དང་མཐུན་ཞིང་གནད་སྨིན་གྱིས་དམ་འཛིན་ཡག་པོ་བྱེད་པ་དང་། གཙོ་གནད་སྨན་རྫས་མཁོ་སྤྲོད་འགན་ལེན་དང་གནད་འཁེལ་འདོན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། དེ་བས་དམིགས་ས་ཡོད་པའི་བྱ་ཐབས་སྤྱད་ནས་མི་དམངས་མང་ཚོགས་སྨན་པ་བསྟེན་པ་དང་། སྨན་དང་རིམས་འགོག་མཁོ་ཆས་ཉོ་བའི་དགོས་མཁོར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།