རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་དང་ལྡན་པའི་འགན་ལེན་མཁོ་འདོན་བྱེད་དགོས།
ཟླ་1ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ།
ཟླ་1ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲིའི་བསམ་པ་དང་། ཁ་ཚ་དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་དང་ལྡན་པའི་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་དམིགས་ཚད་ལས་འགན་དང་ལག་ལེན་གྱི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་བ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་སྟེ། ང་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་ཁྲིད་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལོན་པ་དང་། རྒྱལ་ཁ་འཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་མཐའ་འཁྱོངས་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། བརྟན་ཐོག་ཡར་འཕེལ་དང་གཞུང་འཁྱོངས་གསར་འབྱེད་བཅས་བྱས་ནས་རང་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་མཐའ་འཁྱོངས་བཞག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ཡང་དག་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། ཆབ་སྲིད་ཀྱི་ལྟ་སྐུལ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བོད་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
ནན་པོའི་རྩ་བའི་དགོངས་གཞིར་བརྟེན་ཏེ་སྤྱོད་བཟང་སྒྲིག་ནན་མཐའ་འཁྱོངས་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། དུས་བབ་གསར་པའི་འོག་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས། ཡང་ནས་ཡང་དུ་དམ་འཛིན་དང་། རྒྱུན་སྲིང་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ། ཡོ་བསྲང་དང་འཛུགས་སྐྱོང་མཉམ་འཛིན་དང་བཟང་བསྟོད་ངན་སྨད་མཐའ་འཁྱོངས། སྤྱོད་གཙང་གཞུང་དྲང་དང་ཐེག་པ་འཁུར་ལེན་གྱི་དུས་རབས་ཀྱི་སྲོལ་གསར་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་སྒྲིལ་བྱེད་རིང་ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་ཞུན་བརྡར་སྤྲོས་པར་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། “མང་ཚོགས་ཀྱི་ཁེ་ཕན་དོན་ཆུང་མིན་པའི”འདུ་ཤེས་འཆང་བ་དང་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ནས། ལས་ཞུགས་སློབ་ཞུགས་དང་། སྨན་བཅོས་འཕྲོད་བསྟེན། རྒན་གསོ་འགན་བཅོལ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་ལ་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཀྱི་གནད་དོན་ལ་མཐའ་གཅིག་ཏུ་ཆད་པ་གཅོད་དགོས།
སྒྲིག་ཁྲིམས་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་མཐའ་འཁྱོངས་བཞག་ནས་ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་མཐའ་འཁྱོངས་བསྐྱངས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་ནན་ཏན་བཟོ་བ་དང་བཟོ་བཅོས་རྒྱག་པ། ཉམས་མྱོང་དང་བྱེད་ཐབས་བཟང་པོ་ལམ་ལུགས་དང་ཚད་གཞིར་སྒྱུར་བ། ཁྲིམས་སྲོལ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ངོ་མ་དང་དོ་དམ་ནན་པོ། དོ་དམ་བྱེད་ཕོད་པ་དང་དོ་དམ་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་དང་རྒྱུན་དུ་དོ་དམ་ནན་པོ་བཅས་བྱེད་པ། བརྩི་སྲུང་བྱེད་སའི་སྒྲིག་ཁྲིམས་ཡོད་པ་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བཅས་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་གི་རྣམ་པ་ཟབ་མོ་གཏོད་དགོས། “འགག་རྩའི་ཉུང་ཤས”ཀྱི་འགོ་ཁྲིད་ལས་བྱེད་པར་དམ་འཛིན་བྱས་ཏེ་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱས་ནས་སྒྲིག་ཁྲིམས་ཀྱི་སློབ་གསོ་དང་། ཏང་གཤིས་ཀྱི་སློབ་གསོ། སྤྱོད་གཙང་རིག་གནས་ཀྱི་སློབ་གསོ་བཅས་འབྲེལ་མཐུད་བྱས་ཏེ་སྤྱོད་བཟང་སྒྲིག་ནན་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་མཐའ་གཅིག་ཏུ་རྒྱག་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་ལས་འགན་རིགས་པ་དྭངས་གསལ་ངང་ཤེས་རྟོགས་བྱས་ནས་སྐད་གཅིག་ཙམ་ཡང་མཚམས་མི་འཇོག་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ། སྐབས་བསྟུན་གཙང་སེལ་དང་རྒྱུན་རྣམ་ཅན་གྱི་ཆད་གཅོད་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལས་སླ་པོར་བྱུང་བ་མིན་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་རྒྱུན་མཐུད་བརྟན་དུ་གཏོང་དགོས། རྣག་ཐོག་གཙག་འཁེལ་དང་གནད་སྨིན་ཆད་གཅོད་མཐའ་འཁྱོངས་བྱས་ནས། ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པ་དང་གཙོ་རྒོལ་ཁ་ཕྱོགས་བཙལ་འཚོལ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་ཡོད་པའི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་ནན་པོ། སྲིད་ཚོང་ངན་འབྲེལ་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་དང་གཞུང་དྲང་དྲང་བདེན་ལ་གཏོར་བཤིག་གཏོང་བའི་མཚོན་ཚུལ་གསར་པ་དང་འཕེལ་ཕྱོགས་གསར་པར་དམིགས་པ་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རུལ་སུངས་ལ་ཆད་པ་གཅོད་པའི་ལས་དོན་ཡག་པོ་མཐའ་འཁྱོངས་བསྒྲུབས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་གང་ལེགས་སྤྱོད་པ་དང་། ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་། མི། བྱ་བ་བཅས་ལ་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་ཆགས་པར་ཤུགས་སྣོན་རྒྱག་པ། གྱོད་གཞི་སྒྲུབ་གཉེར་དང་ལྟ་སྐུལ་ལམ་སློབ་གསོ་ཟུང་འབྲེལ། ཆད་གཅོད་དང་། བཅོས་སྒྲིག བཅོས་སྐྱོང་བཅས་མཉམ་འདྲེས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་བྱེད་པའི་རང་ངོས་འཆུན་འདོམས་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས།
ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་མཐའ་འཁྱོངས་བཏང་ནས་དབང་ཆ་འཁོར་སྐྱོད་ཐད་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རིང་གི་ལྟ་སྐུལ་གྱི་ནུས་པ་གང་ལེགས་བཏོན་ནས། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་འཛིན་གྱི་ལྟ་སྐུལ་སོགས་ཟུང་འབྲེལ་ནུས་ལྡན་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་པ་བཅས་བྱས་ཏེ་ལྟ་སྐུལ་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། ཆབ་སྲིད་སྐོར་གཟིགས་ཀྱི་སྤུ་གྲིའི་ནུས་པ་གང་ལེགས་བཏོན་ནས། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་སྐོར་གཟིགས་སྐོར་ཞིབ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། སྐོར་གཟིགས་སྐོར་ཞིབ་ལས་དོན་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་ཕྱོགས་བསྡུས་སྤྱོད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཟིལ་གནོན་དང་། བཀག་སྡོམ། རྩ་བཅོས་བཅས་ཀྱི་ནུས་པ་ཏན་ཏིག་འདོན་དགོས། “དབྱེ་བ་འབྱེད་དགོས་པ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ“ཐབས་རྣམ་བཞི”གནད་སྨིན་སྤྱད་ནས་ནན་པོའི་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་བྱེད་པར་གཙིགས་ཆེན་བྱེད་དགོས་ལ། ལས་བྱེད་པའི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་སྲུང་སྐྱོང་ལ་ཡང་གཙིགས་ཆེན་བྱས་ནས་ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣