བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།
ཚེས་14ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།
ཚེས་14ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་རེད།
ཚོགས་འདུར་ཕེབས་དགོས་པའི་འཐུས་མི་437དང་དངོས་སུ་ཕེབས་པའི་འཐུས་མི་421ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུཌ་ཡོད།
ཡན་ཅིན་ཧའེ་དང་། ཝང་ཝུའེ་ཏུང་། རེན་ཝེ། བསྟན་ཁོ། ལྕགས་རྭ་བློ་བཟང་བསྟན་འཛིན། ལུའོ་མེ། ཀྲང་ཧུང་པོ། ཝང་ཡུང་། ལང་ཧྥུའུ་ཁོན། བསོད་ནམས་ཉི་མ། ཝེ་ཞིའུ་ཁྲང་། ཞུས་ཀྲེ་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས། ཀུང་ཧུའེ་ཚའེ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུཌ་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བསྟན་ཁོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད། ཁོང་གིས། འདས་ཟིན་པའི་ལོ་ལྔ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད།
ལོ་ལྔའི་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཚོགས་ཆེན་ཉི་ཤུ་པ། ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་པ་བཅས་བྱས་ཤིང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྟོབས་ཤུགས་གཅིག་སྒྲིལ། ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་པས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། རང་ངོས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་འཕེལ་རིམ་གསར་པ་དང་། ཕན་འབྲས་གསར་པ། མཐོར་གཏོང་གསར་པ་བཅས་བྱུང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ཕྱོགས་དྲུག་གི་ཐད་ནས་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་གཙོ་གནད་ཕྱིར་དྲན་གནང་བ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་གནད་དུ་བཟུང་ནས་བླ་སྲོག་མཐའ་འཁྱོངསབཏོད་དེ། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”བློ་དཀར་སེམས་དཀར་ངང་ལག་ལེན་བསྟར་བ་དང་། གཉིས་ནས་ཁྲིམས་སྐྱོང་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་བློ་བརྟན་འགྱུར་མེད་ངང་ལངས་ཏེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་གི་གཞི་རྩ་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ། གསུམ་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོ་དང་མཐུན་པའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་འགན་ལེན་བྱས་པ། བཞི་ནས་ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ལ་སྐུལ་འདེད་བཏང་བ། ལྔ་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་བ། དྲུག་ནས“ལས་ཁུངས་བཞིའི”ངེས་གནས་གསར་པ་དང་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད།
བློ་བཟང་རྒྱལ་མཚན་གྱིས་ཕྱོགས་དྲུག་གི་ཐད་ནས་ལོ་ལྔའི་ལས་དོན་གྱི་མྱོང་ཚོར་གཙོ་བོར་ཕྱོགས་སྡོམ་གནང་བ་སྟེ། གཅིག་ནས་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་སུ་འཛིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་ངེས་པར་དུ་བོད་ཀྱི་ལས་དོན་གྱི“རྩ་གནད”དང“བླ་སྲོག”ལྟ་བུ་ཡིན་པའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནས་ངེས་པར་དུ་ཁྲིམས་སྐྱོང་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་ལང་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ། ལྔ་ནས་ངེས་པར་དུ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ། དྲུག་ནས་ངེས་པར་དུ་མ་ལག་གི་འདུ་ཤེས་དང་གཞུང་འཁྱོངས་གསར་འབྱེད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།
བློ་བཟང་རྒྱལ་མཚན་གྱིས་2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་རེད་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལོ་དང་པོའང་རེད་ཅེས་བསྟན་གནང་བ་དང་། ཁོང་གིས་འདི་ལོའི་ལས་དོན་ཡག་པོ་སྒྲུབ་ཕྱོགས་ཐད་ལ་གྲོས་འགོ་ཁག་ལྔ་བཏོན་གནང་བ་སྟེ། གཅིག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱེད་དགོས་པ་དང་། གཉིས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱེད་དགོས་པ། གསུམ་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྟོབས་ཤུགས་སྒྲིལ་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱེད་དགོས་པ། བཞི་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱེད་དགོས་པ། ལྔ་ནས“ལས་ཁུངས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱེད་དགོས།
བསོད་དར་གྱིས་ཕྱོགས་ལྔའི་ཐད་ནས་སླད་ཕྱིན་ལོ་ལྔའི་ལས་དོན་གྱི་གྲོས་འགོ་སྙན་སེང་ཞུས་པ་སྟེ། གཅིག་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས་པ་དང་། གཉིས་ནས་ཁྲིམས་འཛིན་ནན་པོ་དང་དྲང་གཞག་མཐའ་འཁྱོངས་ཀྱིས“འཛུགས་གཏོད་བཞིར”བློ་བརྟན་འགྱུར་མེད་ངང་ཞབས་འདེགས་ཞུ་དགོས་པ། གསུམ་ནས་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་ཀྱིས་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་ལ་སྒྱུར་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་པ། བཞི་ནས་རྨང་རྩ་གཉིས་བརྟན་མཐའ་འཁྱོངས་ཀྱིས་གཞི་རིམ་ཁྲིམས་ཁང་གི་འགན་འཁྲིའི་ནུས་པ་བློ་བརྟན་འགྱུར་མེད་ངང་འདོན་དགོས་པ། ལྔ་ནས་རང་ངོས་གསར་བརྗེ་མཐའ་འཁྱོངས་ཀྱིས་ཉམས་སད་ཐེག་པའི་ཁྲིམས་ཁང་གི་དཔུང་ཁག་ཅིག་བློ་བརྟན་འགྱུར་མེད་ངང་གཏོད་དགོས།
ཤཱ་ཁེ་ཆིན་གྱིས་ཕྱོགས་གསུམ་གྱི་ཐད་ནས་སླད་ཕྱིན་ལོ་ལྔའི་ལས་དོན་གྱི་གྲོས་འགོ་སྙན་སེང་ཞུས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པས་ཞིབ་དཔྱོད་ལས་ཁུངས་ལ་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་པོ་དེ་བས་ཏན་ཏིག་འཁུར་དགོས་པ་དང་། གཉིས་ནས་ཁྲིམས་སྐྱོང་གི་རང་རྟོགས་ཆེ་རུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་དགོས་པ། གསུམ་ནས་ཞིབ་དཔྱོད་ཀྱི་རང་རྟོགས་ཆེ་རུ་བཏང་ནས《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་རང་ངོས་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།
རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཨུ་ཡོན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།