དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི་བཅས་ཀྱིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

    ཚེས་12ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་མི་རིགས་རིགས་ཁོངས་ཚོགས་ཆུང་དུ་ཕེབས་ནས། སྲིད་གྲོས་ཀྱི་ཨུ་ཡོན་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ཚང་མ་དང་མཉམ་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་ཡང་གནང་བ་རེད།

    ཚོགས་རའི་རྣམ་པ་འཁྲུག་ཆ་དོད་ཅིང་། བློ་བཟང་རྡོ་རྗེ་རྒྱལ་མཚན་དང་། ཉི་སྒྲོན། ལིན་ཡུང་། ཚུལ་ཁྲིམས་མཐར་ཚེ་སོགས་ཨུ་ཡོན་9ཡིས་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འབུལ་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་གཏམ་བཤད་ནན་ཏན་ངང་གསན་པ་དང་ཟིན་བྲིས་ཞིབ་ཚགས་བསྐྱོན་ནས་གཏམ་བཤད་གནང་མཁན་གྱི་བློ་མཐུན་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། གཏམ་བཤད་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་ནུས་ལྡན་གཏོང་དགོས། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”བསམ་པ་རྣམ་དག་གིས་ལག་ལེན་བསྟར་བའི་མཐོ་ཚད་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རྩ་བའི་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བརྗོད་དོན་གཙོ་བོ་དང་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ལག་ལེན་གྱི་རྨང་གཞི་བརྟན་དུ་གཏོང་བ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་ལས་འགན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་གལ་ཆེའི་ནང་གི་འགངས་ཆེར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བ། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྐོར་གྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་པ་དེ་ལག་ལེན་གྱི་དམ་འཛིན་བྱེད་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་དེ་ཁྱབ་རྒྱ་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། རིམ་པ་དེ་བས་ཟབ་པ། རྒྱུན་མཐུད་དེ་བས་ཆེ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་བསྐྲུན་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཧུང་པོ་དང་པད་མ་དབང་འདུས་གྲོས་བསྡུར་ལ་ཞུགས་པ་རེད།

    ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཚན་རིག་ལག་རྩལ་རིགས་ཁོངས(ཚན་རིག་ལག་རྩལ་མཐུན་ཚོགས)ཚོགས་ཆུང་དུ་ཕེབས་ནས། སྲིད་གྲོས་ཀྱི་ཨུ་ཡོན་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ། ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ལ་ཞུགས་ཏེ། ཚང་མ་དང་མཉམ་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་ཡང་གནང་བ་རེད།

    གྲོས་བསྡུར་གནང་སྐབས་ཐུབ་བསྟན་མཁས་གྲུབ་དང་། ཐུའུ་དབྱན་ལི། དབྱང་ཁའེ་ཡུང་། འཕྲིན་ལས་དབང་རྒྱལ་སོགས་ཨུ་ཡོན་གྱིས་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་བ་རེད། ཡན་ཅིན་ཧའེ་ཡིས་གཏམ་བཤད་ནན་ཏན་ངང་གསན་པ་དང་སྦྲགས་ཟིན་བྲིས་ཞིབ་ཚགས་བསྐྱོན་ནས་གྲོས་བསྡུར་བྱེད་སར་ལན་ཡང་བསྐྱོན་པ་རེད། ཁོང་གིས། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད། ཚན་རྩལ་རིགས་ཁོངས་ཀྱི་ཨུ་ཡོན་ནི་བོད་ཀྱི་ཚན་རྩལ་གསར་གཏོད་ལ་འདེགས་སྐྱོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྲོག་ཤིང་སྟོབས་ཤུགས་རེད། ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྔར་རྒྱུན་བཞིན་ལྟེ་བའི་ལས་འགན་ལ་དམིགས་ནས། ལས་གནས་ལ་གཞི་ཚུགས་པ་དང་། ཚུགས་གནས་མཐོ་རུ་གཏོང་བ། ངེས་གནས་ཡག་པོ་འཚོལ་བ། ཨུ་ཡོན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཨུ་ཡོན་གྱི་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཕྱི་ཤུགས་ལ་བརྟེན་པ་དང་། མཉམ་ལས་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་མཁས་པོ་བྱེད་དགོས། འབྲེལ་གཏུག་པ་ཡག་པོ་བྱས་ནས་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ཏེ། འཐབ་ཇུས་རང་བཞིན་དང་། སྔ་བལྟས་རང་བཞིན། གཞི་ཆེན་རང་བཞིན། ཁ་གཏད་འཇལ་ཐབས་རང་བཞིན་བཅས་ཀྱི་ཞིབ་འཇུག་མང་ཙམ་བྱེད་པ་དང་། སྤུས་ཚད་མཐོ་བའི་གྲོས་གཞི་མང་ཙམ་བཏོན་ནས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་ལས་དོན་ཡག་པོ་སྒྲུབ་པར་ཐབས་འདོན་ཇུས་འབུལ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མོང་ཞའོ་ལིན་དང་སྒྲོལ་དཀར་གྲོས་བསྡུར་ལ་ཞུགས་པ་རེད།

    ཟླ་1ཚེས་12ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གུང་གཞོན་སྡེ་ཚོགས་དང་། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་གནང་སར་ཕེབས་ནས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལའང་ཞུགས་པ་རེད།

    གུང་གཞོན་སྡེ་ཚོགས་དང་། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་བྱ་ཡུལ་འཁྲུག་ཆ་དོད་ཅིང་། ཡེ་ཧའེ་དབྱིང་དང་། དགྲ་འདུལ། སྐལ་བཟང་ཕུན་ཚོགས། ཟླ་བ་ཚེ་རིང་སོགས་ཨུ་ཡོན་ཚོས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་ལ་དམིགས་ནས་གཏམ་བཤད་ཧུར་ཐག་སྤེལ་བ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཀྲོང་ཡན་གྱིས་ནན་ཏན་ངང་གསན་པ་དང་ཟིན་བྲིས་ཞིབ་ཚགས་བསྐྱོན་ནས་སྐབས་སྐབས་སུ་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་གིན་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཀྲོང་ཡན་གྱིས་སྙན་སྒྲོན་གཉིས་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་ཤིང་། ཁོང་གིས། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཡིན་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་ཡིན་པའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ནི་ཕྱོགས་ཁག་གིས་གྲོས་མོལ་ནན་ཏན་བྱས་ཏེ་བདམས་ཐོན་བྱུང་བ་ཞིག་ཡིན་པས། དེ་ནི་གཟི་བརྗིད་རེད་ལ་འགན་འཁྲི་དེ་བས་རེད། སྣེ་ཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་དང་། “གཏན་འཁེལ་གཉིས”ལ་བློ་རྩ་བརྟན་པོས་སྲུང་སྐྱོང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། མང་ཚོགས་ཚོགས་པའི་རྩ་འཛུགས་ཁག་གི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་ཆེ་རུ་གཏོང་བ། བཟོ་པ་དང་། གཞོན་ནུ། བུད་མེད་བཅས་ཀྱིས་ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཆེས་རྒྱ་ཁྱབ་དང་ཆེས་དམ་ཟབ་ཀྱི་སྒོ་ནས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཡོང་བར་བྱེད་དགོས། སྣེ་ཁྲིད་དེ་སྒྲིག་ཁྲིམས་ལ་སྣང་ཆེན་བྱས་ནས་སྲིད་གྲོས་ཀྱི་ཚོགས་འདུ་དང་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་བ། ཀུན་སྤྱོད་ལེགས་སུ་གཏོང་བ། སྤྱོད་གཙང་རང་འདོམས་ནན་པོ་བཅས་བྱས་ཏེ་སྒྲིག་ཁྲིམས་སྲུང་བ་དང་། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་གཙོ་བོར་འཛིན་པ་བཅས་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་གཟུགས་བརྙན་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལུའོ་མེ་དང་ངག་དབང་གྲོས་བསྡུར་ལ་ཞུགས་པ་རེད།

    ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལའང་ཞུགས་པ་རེད།

    ཁྲེན་ཡུང་ཆིས་གསུང་བཤད་གནང་སྐབས། དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ནས་འདས་ཟིན་པའི་ལོ་གཅིག་རིང་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་དང་དཀའ་སྤྱད་ལས་སྒྲུབ་ནན་ཏན་གནང་སྟེ། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དང་ལྷག་པར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་ཀྱིས་ཏོག་གསར་འགོ་ནད་ལ“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པའི”སྤྱིའི་ཇུས་གཞི་གཙོ་གནད་ཐོག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། “བདེ་ཐང་འགན་ལེན་དང་ནད་ལྕི་འགོག་པར”དམིགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ལས་དོན་ཁག་ཡག་པོ་སྒྲུབ་དགོས། རྒན་རྒོན་དང་ལྷག་པར་དུ་ལོ་80ཡན་གྱི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གང་མགྱོགས་སྤེལ་བར་སྐུལ་འདེད་གཏོང་དགོས་པ་དང་། ས་གནས་ཁག་གིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”དང་། “གཉིས་ལྡན་དུད་སྦྲེལ” གྲོང་སྡོད་ལས་དོན་རུ་ཁག་དང་དྲ་མིག་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྨན་ཁབ་རྒྱག་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲུང་ཡོལ་བརྟན་པོ་སྐྲུན་དགོས། རྒན་རྒོན་དང་། བྱིས་པ། ཉམས་ཞན། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་དམིགས་བསལ་མི་ཚོགས་ལ་ཡིག་ཚགས་དང་གཱ་བཟོ་བའི་རྨང་གཞིའི་ཐོག་ལས་དོན་སྔོན་ལ་བསྒྲུབ་པར་སྐུལ་འདེད་བཏང་ནས་གཙོ་གནད་མི་ཚོགས་ལ་བདེ་ཐང་གི་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་དགོས། སྨན་དོན་མི་སྣར་སེམས་ཁུར་དང་དོ་ཁུར་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་སྨན་དོན་མི་སྣའི་སྟོབས་ཤུགས་དེ་བས་འགན་ལེན་ཡག་པོ་བྱེད་པ་དང་སྨན་བཅོས་སྒྲིག་གཞི་རྒྱུན་གཏན་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་གང་ཐུབ་དང་། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཡུང་དང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་གྲོས་བསྡུར་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།