ཚེས་12ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་ཀྱི་ཚོགས་ཆུང་གི་གྲོས་བསྡུར་ལ་ཞུགས་ཤིང་། ཁོང་གིས་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན་བྱེད་པ། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། དུས་རབས་གསར་པའི་སྲིད་གྲོས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། མཐུན་རྐྱེན་མཐའ་དག་སྐོང་འཐེན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཨུ་ཡོན་པ་སངས་དང། ཧྥན་ཝུན་ཐའོ། ལི་ཀྲེན་ཧྥང་། དབྱིན་ཆང་། སྐལ་བཟང་དབང་ཕྱུག ཐུབ་བསྟན་ཆོས་འཕེལ། ཀྲང་གོ་ཧུང་། ཀྲང་ཅུན་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་་གཏམ་བཤད་གནང་ཞིང་། བསྡོམས་རྩིས་ཞབས་ཞུའི་ཐབས་ཇུས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ། སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་མཐོའི་ཁྱད་ལྡན་སྤུས་རྟགས་གཏོད་པ། ཐོན་ཁུངས་ནུས་ལྡན་ངང་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ལ་དམིགས་ནས་ངོས་འཛིན་དང་མྱོང་ཚོར་གླེང་གནང་བ་དང་འབྲེལ་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ཝང་ཅུན་ཀྲེང་གིས་སྐབས་སྐབས་སུ་ཚང་མ་དང་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་གནང་བས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། གཏམ་བཤད་ནན་ཏན་ངང་གསན་རྗེས་ཝང་ཅུན་ཀྲེང་གིས། འདས་མ་ཐག་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པས། བྱ་གཞག་ཁག་ལ་མི་སེམས་འགུལ་བའི་གྲུབ་འབྲས་ཐོབ་པ་དང་། ལྗོངས་ཡོངས་ཀྱི་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། མཐའ་སྲུང་སྲ་བརྟན།མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་དཔྱིད་དཔལ་རབ་ཏུ་བཞད་པ་ལྟ་བུའི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད། གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྐོར་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་ནས་ཐོབ་ཡོད། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ་དང་དེའི་ནང་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་། སེམས་ནུས། རྔུལ་ཆུ་བཅས་འདུས་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། འགོ་འཛུགས་ས་གསར་པའི་ཐོག་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་སྒྲིལ་གྱིས། སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། རིགས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་གླེང་མང་བའི་གནད་དོན་ལ་དོ་ཁུར་བྱས་ཏེ་ལྟེ་བའི་ལས་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་དགོས་པ། མི་དམངས་སྲིད་གྲོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་བྱས་ནས་དམངས་ཆེད་སྲིད་ཞུགས་ཀྱི་འགན་ནུས་སྒྲུབ་པའི་འདུ་ཤེས་འཛུགས་དགོས་པ། ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། གྲོས་མོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ། གནད་ལ་འཕིགས་པའི་གྲོས་འགོ་འདོན་པ། དོན་ལ་སྨིན་པའི་ཐབས་ཇུས་འདོན་པ་བཅས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ནུས་ཕྱོད་ལ་དེ་བས་ལེགས་པའི་སྒོ་ནས་འགྱུར་བར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟླ་བ་ཚེ་རིང་དང་། ལང་ཧྥུའུ་ཁོན། ཅང་ཅེ་བཅས་ཞུགས་ཡོད་པ་རེད།