དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

    8a11de45-b159-4837-925e-3a00fdb6c422.jpg.jpg

    ཟླ་1ཚེས་13ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

    ཚེས་13ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། གྲུབ་འབྲས་ཕྱོགས་སྡོམ་བྱེད་རིང་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། འགྲན་སློང་བསུ་བཞིན་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། གོ་སྐབས་དམ་འཛིན་བྱེད་རིང་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་དམག་ཡག་པོ་ཞིག་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལྷ་སའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་། འཐུས་མི་ཕུར་བུ་དོན་གྲུབ་དང་། ཝང་ཆང་། ཤེ་ཅུན་ཁྲེང་། བསྟན་འཛིན་འཕྲིན་ལས། བསྟན་འཛིན་ནོར་བུ། ཏུའུ་གོ་ཅུན། ཐང་ཀོན་ཀྲུང་། ལི་མིང་ཅན། ལིའུ་ཏའེ་ཧུང་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་བ་རེད། ཝང་ཅུན་ཀྲེང་གིས་གསན་ཞོར་དུ་ཟིན་བྲིས་བསྐྱོན་པ་དང་སྐབས་འགར་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ། འཐུས་མི་ཚོས་བསམ་གཞིག་ཟབ་མོའི་སྒོ་ནས་མང་ཚོགས་ཀྱི་འབོད་སྒྲ་ཧུར་ཐག་མཚོན་པ་དང་། དགེ་མཚན་ལྡན་ལ་བློ་འབྱེད་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་པར་ཁས་ལེན་གང་ལེགས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱི་འགོ་ཚུགས་ལོ་ཞིག་རེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ལོ་ཞིག་ཀྱང་རེད། ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་ཕྲག་ཐོག་གི་འགན་འཁྲི་ལྕི་བས།འགན་འཁྲིའི་བསམ་པ་དང་། ཁ་ཚ་དགོས་གཏུག་གི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། རང་འགན་གཙང་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་དམག་ཡག་པོ་ཞིག་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་ཧུར་ཐག་བསྒྱུར་ནས། དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཏེ་བསམ་བློར་འགྱུར་ལྡོག་གཏོང་བར་ཤུགས་སྣོན་རྒྱག་དགོས། མི་འདང་བ་ཤེས་རྟོགས་དང་། ད་ཡོད་གནས་ཚུལ་ལ་འགྱུར་ལྡོག་གཏོང་བ། གནད་དོན་ཐག་གཅོད་བཅས་བྱེད་ཕོད་པ་བྱས་ནས། མི་དམངས་མང་ཚོགས་ཀྱི་རེ་བ་དང་འདོད་བློར་བསྟུན་ཏེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྩ་བའི་རྨང་གཞི་ཟམ་མི་ཆད་པར་རྒྱ་ཆེར་དང་བརྟན་དུ་གཏོང་དགོས། ཉེན་བརྡ་རྒྱུན་སྒྲོག་དང་ཉེན་ཟོན་རྒྱུན་གནས་མཐའ་འཁྱོངས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

    ཝང་ཅུན་ཀྲེང་གིས། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟམ་མི་ཆད་པར་འཚམ་པར་བྱས་ནས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་སྐྲུན་དགོས། “གཞི་རིམ་ལ་དམ་འཛིན་དང་རྨང་གཞིར་དམ་འཛིན”གྱི་ཁ་གསལ་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་བཅོས་སྒྲིག་བྱེད་པ་དང་། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་གཞི་རིམ་གྱི་ཏང་རྩ་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་ཧུར་ཐག་སྐྲུན་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་དང་། ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པར་སྐུལ་ལྕག ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུ་ཡོད་པ་དང་ཞུགས་ཐུབ་ལ་དོན་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དངོས་སྒྲུབ་གོང་དུ་བཀུར་བ་དང་ཐེག་པ་འཁུར་ལེན་ལ་ལྕག་འདེབས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཧུར་ཐག་གཏོད་དགོས། “ཞིབ་བཤེར་བཞི་དང་འདྲི་རྩད་བཞི”གཏིང་ཟབ་སྤེལ་ནས། ལས་བྱེད་པའི་འདུ་ཤེས་བསམ་ཕྱོགས་སྒྱུར་བ་དང་། ཐེག་པ་འཁུར་ལེན་བྱེད་མཁས་པ། ཉམས་སད་ཐེག་པའི་འཇོན་ཐང་སྦྱོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། དམ་པ་དོན་གཉེར་དང་། གསར་འབྱེད་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།