དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་གཟབ་རྒྱས་ངང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-14

    59e64f6e-f6f2-4e88-aa6c-df9d488e28f6.jpg.jpg

    ཟླ་1ཚེས་13ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    03ca7608-da1d-4fdb-bed7-01007f4a7293.jpg.jpg

    ཟླ་1ཚེས་13ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།

    ཚེས་13ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་པའི་སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྤྲོ་སེམས་དང་སྤོབས་སེམས་ཀྱིས་ཁེངས་བཞིན་དུ་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་འགོ་ཚུགས་པ་རེད།

    མི་དམངས་ཚོགས་ཁང་གི་རྣམ་པ་ཟབ་ཅིང་སྤྲོ་སེམས་འཁོལ་བ་དང་། ཀྲུའུ་ཞི་སྡིངས་ཆའི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པས་ཚོགས་རའི་རྣམ་པ་དེ་བས་གཟི་ཉམས་ལྡན་པ་ཞིག་ཡོད།

    ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཁྲེན་ཡུང་ཆི། ཤའོ་ཡིའུ་ཚའེ། བསྟན་ཁོ། ཝང་ཅུན། ཞུས་ཁྲེང་ཚང་། ཐང་མིང་དབྱིན། རྒྱལ་མཚན། ཀྲང་ཡན་ཆིང་། འཇམ་དཔལ། ཤཱ་ཁེ་ཆིན། ལིའུ་ཀོང་ཤུས། ལིའུ་པོ་ཁྲེང་། ཚེ་བརྟན། སུན་ཤན་ཀྲུང་། ལི་ཝུན་ཀེ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀྲོང་ཡན། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་། ལེགས་མཆོག པ་སངས་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

    ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་437ཡོད་པ་དང་དངོས་སུ་ཞུགས་མཁན་420ཡོད་པས་ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

    སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས་ཚོགས་རའི་ནང་གི་འཐུས་མི་ཚང་མ་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།

    ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཆ་ཤས་གསུམ་ལ་ཕྱེ་བ་སྟེ། 2022ལོ་དང་འདས་ཟིན་པའི་ལོ་ལྔའི་ལས་དོན་དང་། སླད་ཕྱིན་གྱི་ལོ་ལྔའི་དམིགས་ཚད་ལས་འགན་དང་སྤྱིའི་བསམ་ཕྱོགས། 2023ལོའི་གཙོ་གནད་ལས་དོན་གྱི་གྲོས་འགོ་བཅས་རེད།

    2022ལོ་ནི་གལ་འགངས་ཤིན་ཏུ་ཆེ་ཞིང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཡན་ཅིན་ཧའེ་ཡིས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་རྒྱུན་འཁྱོངས། རྣམ་གྲངས་གལ་ཆེན་གོ་རིམ་ལྡན་པའི་ངང་ལག་བསྟར། ཁྱད་ལྡན་ཐོན་ལས་གོམ་སྟབས་བརྟན་པོས་རིམ་པ་སྤོར་བ། གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན། སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ། དམངས་འཚོའི་དོན་དངོས་ལ་སྐུལ་འདེད་ཧུར་ཐག སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། མཐའ་དར་དམངས་ཕྱུག་དེ་བས་སྲ་བརྟན་སོགས་ཀྱི་ཐད་ནས་ན་ནིང་གི་ལས་དོན་ལ་ཕྱོགས་སྡོམ་གནང་བ་རེད། ཡན་ཅིན་ཧའེ་ཡིས་ན་ནིང་ཛ་དྲག་ཤིན་ཏུ་ཆེ་བའི་དུས་བབ་འོག་རང་ལྗོངས་ལ་འཐོབ་པར་དཀའ་བའི་གྲུབ་འབྲས་གསར་པ་ཐོབ་ནས་སྐབས་འདིའི་སྲིད་གཞུང་གི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱུང་བ་ལས། འདས་ཟིན་པའི་ལོ་ལྔ་དང་ཐ་ན་དུས་རབས་གསར་པའི་ལོ་བཅུའི་བོད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་ཁག་གི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཚང་མ་མངོན་ཡོད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་ནན་བཤད་གནང་དོན། ལོ་ལྔའི་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་སྒུལ་ཤུགས་ཆེ་ཤོས་སུ་མཐའ་འཁྱོངས་བརྩིས་ནས་བོད་ཀྱི་ལས་དོན་ཐད་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་བཏང་བ་དང་། བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་མཐའ་འཁྱོངས་བརྩིས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་ཚད་གསར་པར་སླེབས་པར་སྐུལ་འདེད་བཏང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་མཐའ་འཁྱོངས་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་བ།“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་བ། སྐྱེ་ཁམས་སྲུང་སྐྱོང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་མཐའ་འཁྱོངས་བརྩིས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་མངོན་པར་སྐུལ་འདེད་བཏང་བ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པ”མཐའ་འཁྱོངས་བྱས་ནས་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ལ་ཚད་བརྒལ་གསར་པ་འཐོབ་པར་སྐུལ་འདེད་བཏང་བ་བཅས་བྱས་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྐབས་རིམ་བྱུང་གི་སྲིད་གཞུང་ཚན་ཁག་གི་འབད་འཐབ་ལྷོད་མེད། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར། ལྗོངས་ཡོངས་ཀྱི་གོང་འོག་གིས་མཐུན་སྒྲིལ་འབད་འཐབ་བཅས་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་རེད།

    ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བཅས་གཞིར་བཟུང་། འབྱུང་འགྱུར་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ནི། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ཕྱོགས་ཡོངས་ནས་བསྐྲུན་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་འཐོབ་དགོས་པ་དང་། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཕྱོགས་ཡོངས་ནས་བརྟན་ལྷིང་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་རང་བཞིན་གྱི་རང་འགུལ་ལ་སྟངས་འཛིན་ནན་པོ་བྱེད་དགོས། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་འཕར་ཚད་8%ཡན་རྒྱུན་འཁྱོངས་བྱེད་དགོས་པ། མི་དམངས་ཀྱི་འཚོ་བ་མུ་མཐུད་ལེགས་སུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་བྱེད་དགོས་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱས་ནས་རྒྱལ་ཁབ་ཀྱི་ཆེད་དུ“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་དང་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་འབུལ་དགོས་པ། མཐའ་མཚམས་ཀྱི་བདེ་འཇགས་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་དང་། ཕྱུག་འགྱུར་ལ་ཐབས་ལམ་ཡོད་པ། མཐའ་མཚམས་སྲུང་བར་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་བའི་རྣམ་པ་ཞིག་རྩ་བའི་ཆ་ནས་ཆགས་པར་བྱེད་དགོས།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཡང་རེད། ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་བཏོན་དོན། འདི་ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཡས་མས་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་8%དང་10%ཡས་མས་འཕར་བ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%གྱི་ནང་ཚུན་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་5%ཡས་མས་ཡིན་པ་བཅས་བྱེད་དགོས། འདི་ལོའི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པོས་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་ལེགས་པོས་སྤྱི་འདོམས། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། ཁྲོམ་རའི་གདེང་ཚོད་འཕེལ་བ། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཀྱི་ལས་དོན་གཙོ་གནད་དུ་ཡག་པོ་སྒྲུབ་པ། གསོག་ཐེབས་ཕན་སྒྱུར་དང་། འཕེལ་འབོར་ནང་འདྲེན། སྤུས་ཚད་མཐོར་གཏོང་། སྤྱི་འབོར་མང་གཏོང་། ཉེན་ཁ་ཆེན་པོ་ནུས་ལྡན་ངང་འགོག་ཟོན་དང་སེལ་བ། དཔལ་འབྱོར་བརྟན་ཐོག་ལེགས་བརྩོན་དང་ལེགས་པའི་ཁྲོད་མགྱོགས་མྱུར་དོན་གཉེར་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

    ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ཏེ། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ནན་པོའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། མི་དམངས་འཐུས་ཚོགས་དང་། སྲིད་གྲོས། ལྟ་ཞིབ་ཨུ་ལྷན། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བཅས་བྱེད་དགོས། རྩིས་བཤེར་ལྟ་སྐུལ་དང་བསྡོམས་རྩིས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་སྲིད་འཛིན་དང་། ཚན་རིག་དང་མཐུན་ཞིང་དམངས་གཙོའི་ཐབས་ཇུས་འདོན་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་པ་བཅས་བྱས་ཏེ་མི་དམངས་ཀྱི་གཞུང་ཞབས་པའི་མཚན་སྙན་ལ་ངོ་གནོང་མི་དགོས་པ་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་སྙན་སྒྲོན་གནང་སྐབས་མཇུག་ཏུ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་བསྒྲུབས་ཏེ“མདུན་གྲལ་དུ་སླེབས་པ་བཞི”མགྱོགས་མྱུར་མངོན་འགྱུར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

    ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2023ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་བཀྲམ་ནས་ཞིབ་བཤེར་ཆོག་མཆན་གནང་རྒྱུར་ཕུལ་བ་རེད།

    ཚོགས་ཆེན་ཐོག《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ(བཟོ་བཅོས་འཆར་ཟིན)》གྱི་གྲོས་གཞིར་གྲོས་ཞིབ་གནང་བ་རེད། ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མིང་སྐལ་སྐོར་གྱི་གཏན་འབེབས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་དགོས་པའི་སྐོར་གྱི་གཏན་འབེབས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་གྲུབ་ཆའི་མི་སྣའི་འོས་མི་འདེམས་རྒྱུའི་སྐོར་གྱི་བརྡས་ཐག་གཅོད་ཐབས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་སྐོར་གྱི་མཚན་ཐོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་སྐོར་གྱི་མཚན་ཐོ་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་མིན་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲུབ་ཆའི་མི་སྣ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)གི་མི་དམངས་འཐུས་ཚོགས་དང་སྲིད་གཞུང་སོགས་ཀྱི་འགན་འཁུར་བ་གཙོ་བོ་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།

    ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་འགན་འཁུར་བས་ཚོགས་ཆེན་ཟུར་ཉན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།