དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-13

    ◆ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཚོགས་འདུ་གཉིས་ཀྱི་ཏང་ཡོན་ཡིན་པའི་འཐུས་མི་དང་ཨུ་ཡོན་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་སྣེ་ཁྲིད་ནས་བཏོན་ཏེ་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས།

    ཚེས་11ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྷ་སར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། བསམ་བློ་གཅིག་གྱུར། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། ལས་འགན་ཁ་གསལ། སྒྲིག་ཁྲིམས་དམ་ནན་བཅས་ཀྱི་ཐོག་ནས་ཚོགས་འདུ་གཉིས་ཀྱི་ཏང་ཡོན་ཡིན་པའི་འཐུས་མི་དང་ཨུ་ཡོན་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་སྣེ་ཁྲིད་ནས་བཏོན་ཏེ་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། འདས་མ་ཐག་པའི་2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་ཉི་ཤུ་པ་འཚོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཅིག་འདོམས་སུ་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པས་བྱ་གཞག་ཁག་ལ་མི་སེམས་ལ་སྐུལ་མ་ཐེབས་པའི་གྲུབ་འབྲས་ཐོབ་པ་དང་། ལྗོངས་ཡོངས་སུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་འདུལ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་བཟང་པོ་མངོན་ཡོད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་འཐུས་མི་དང་ཨུ་ཡོན་ཚོས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་རེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གལ་འགངས་ཆེ་བའི་ལོ་ཡང་རེད། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཡག་པོ་འཚོག་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་སྐུལ་སློང་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཡོད་པས། ལས་འགན་གཟི་བརྗིད་ལྡན་ལ། འགན་འཁྲི་ལྕི་པོ་ཡོད། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ལྟེ་བར་དམིགས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གྲོས་ཞིབ་དང་གྲོས་མོལ་གྱི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་ལ་དོ་ནན་དང་། འགན་འཁྲི་ནན་པོ་འཁུར་བའི་རྣམ་འགྱུར། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཚོགས་ཆེན་གྱི་སྙན་སྒྲོན་དང་འཆར་ཟིན་ཁག་ཉན་པ་དང་། གྲོས་བསྡུར། གྲོས་ཞིབ་བྱས་ཏེ་དམངས་གཙོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལྟ་ཚུལ་ཡང་དག་འདོན་པ། བློ་གྲོས་གཅིག་སྡུད་རྒྱ་ཁྱབ་བཅས་ཡོང་བར་བྱས་ཏེ། སྙན་སྒྲོན་ཁག་ཏང་ཀྲུང་དབྱང་གི་དགོངས་དོན་དང་། བོད་ཀྱི་དོན་དངོས། མི་དམངས་ཀྱི་འདོད་བློ་བཅས་དང་དེ་བས་འཚམ་པར་བྱས་ནས། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆར་འགྱུར་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་ཚོགས་འདུ་གཉིས་ཀྱི་དུས་ཚོད་གཏུགས་པ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བས། ཏང་ཡོན་ཡིན་པའི་འཐུས་མི་དང་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བསྲུངས་ཏེ། ཏང་གི་འགོ་ཁྲིད་ཚོགས་འདུ་གཉིས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ། འགན་འཁྲི་ནན་ཏན་སྒྲུབ་པ་དང་། རང་འགན་གཙང་སྒྲུབ། དབང་ཆ་ཡང་དག་སྤྱོད་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དེ་ཚོགས་འདུ་གཉིས་བརྒྱུད་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བློ་སྟོབས་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ། ཏང་ཀྲུང་དབྱང་གི་སྐབས་བརྗེའི་གོམས་སྲོལ་ལ་ལྟ་སྐུལ་བྱེད་པའི་སྐོར་གྱི་གཏན་འབེབས་དང“གཏན་འགོག་བཅུའི”སྒྲིག་ཁྲིམས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་འདེམས་བསྐོའི་རིང་གི་ཚུལ་མིན་སྤྱོད་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། སྤྱོད་གཙང་གི་སྒྲིག་ཁྲིམས་དང་ཚོགས་འདུའི་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ནན་ཏན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱོད་གཙང་རང་འདོམས་ཀྱི་གཟུགས་བརྙན་བཟང་པོ་གཏོད་དགོས། མཐུན་སྒྲིལ་དང་བརྟན་ལྷིང་ལ་ཤུགས་སྣོན་རྒྱག་པ་དང་དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་བཟུང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྱོན་ཡོངས་དང་གསོན་ཉམས་དོད་པོའི་སྒོ་ནས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གཟབ་རྒྱས་དྲིལ་བསྒྲགས་བྱེད་པ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ། དྲང་ནུས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་དང་བརྒྱུད་བསྒྲགས་བཅས་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་ཚོགས་འདུ་གཉིས་ཀྱི་ནང་དོན་ཤེས་རྟོགས་དང་། དོ་ཁུར། རྒྱབ་སྐྱོར་བཅས་བྱས་ཏེ་མཐུན་སྒྲིལ་འབད་འབུངས་དང་དཔའ་ངར་ཆེར་སྐྱེད་ཀྱིས་གླེང་ཕྱོགས་ཀྱི་ཁོར་ཡུག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།