དབུ་ཤོག>སྲིད་དོན།
  • མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཐུན་མོང་འབད་འཐབ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-11

    4d9fa0b5-39a0-4e3c-b8e8-eb13bf9db8fc.jpg.jpg

    ཟླ་1ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་དགོན་སྡེའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་མེ་གསོད་བཀོད་འཐབ་པ་བཅས་ལ་འཚམས་འདྲི་གནང་བཞིན་པ།

    5ecdac3a-2677-412a-8518-f3202e9d52b6.jpg.jpg

    ཟླ་1ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ལྡན་གཙུག་ལག་ཁང་དུ་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

    ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ནས་དགོན་སྡེའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་མེ་གསོད་བཀོད་འཐབ་པ་བཅས་ལ་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་ལས་གནས་བརྟན་པོ་སྲུང་མཁན་རྒྱ་ཆེའི་ལས་བྱེད་ལས་བཟོར་བྱམས་བརྩེའི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས།བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཐུན་མོང་འབད་འཐབ། ཡང་འབད་བསྐྱར་འབད་བཅས་བྱས་ནས་དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས་དང་དེ་བས་ནུས་ལྡན་གྱི་བྱ་སྤྱོད་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཤིང་རྭའི་ནང་ཝང་ཅུན་ཀྲེང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་དང་། མེ་ཟོན་བདེ་འཇགས་ཀྱི་བྱ་ཐབས་དོན་འཁྱོལ།དགོན་སྡེར་བཅའ་སྡོད་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་ཡོད། ཁོང་གིས། རིག་གནས་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ་དང་རིག་དངོས་ལ་ལྡན་པའི་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཏེ་རིག་དངོས་ལ་བརྟེན་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་ནན་བཤད་གནང་བ་རེད།

    རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་ལྡན་མེ་ཟོན་འཛུགས་སྐྱོང་མགྱོགས་སུ་གཏོང་བ། དེང་རབས་ཀྱི་ཚན་རིག་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ་རྩ་ཆེའི་དཔེ་རྙིང་དང་རིག་དངོས་ཐོན་ཁུངས་གསར་སྐྱེས་ཡོང་བ་དང་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་རྒྱུན་མཐུད་སྤེལ་བས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོགས་ཡོད། ཝང་ཅུན་ཀྲེང་གིས་ཡུལ་སྐོར་བར་ཕྱག་གཡུག་གཡུག་གནང་བ་དང་ཁོ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་མ་ཟད། ཁོ་ཚོ་དགའ་སྤྲོའི་ངང་སླེབས་པ་དང་བློ་ཡིད་ཚིམ་པོས་ལོག་ཐུབ་པའི་སྨོན་འདུན་ཡང་ཞུས་གནང་བ་རེད།

    ར་མོ་ཆེ་གཙུག་ལག་ཁང་ནི་ཝང་ཅུན་ཀྲེང་གི་འབྲེལ་གཏུགས་དགོན་སྡེ་ཡིན་པས་ར་མོ་ཆེ་གཙུག་ལག་ཁང་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཐེངས་མང་ཕེབས་མྱོང་ཡོད། ཝང་ཅུན་ཀྲེང་གིས། དགོན་སྡེར་དོ་དམ་དང་དོ་དམ་ཡག་པོ་བྱེད་པ་ནི་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་འབྱུང་རྩ་ནས་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དགོན་སྡེའི་དགེ་འདུན་པ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་ཡོང་བར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་འདོན་པའི་རེ་བ་ཡོད་ཅེས་གསུངས་པ་རེད། ཟླ་1ཚེས་10ཉིན་ནི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཡིན་ཞིང་། ཝང་ཅུན་ཀྲེང་གིས་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཚང་མར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་འབྲེལ་ཁོ་ཚོས་བོད་ཀྱི་ཡུན་རིང་བདེ་འཁོད་དང་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་གནང་བ་དང་། ཁོ་ཚོས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་སེམས་ནུས་ཡོད་རྒུ་འདོན་པ་དང་རང་འགན་གཙང་སྒྲུབ་ཀྱིས་ཁོངས་གཏོགས་མང་ཚོགས་ཀྱི་དུས་བདེ་ཡག་པོ་སྲུང་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་ཐུགས་རེ་གནང་བ་རེད།

    ཝང་ཅུན་ཀྲེང་གིས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་རྒྱུན་དུ་ནས་ཉེན་ཟོན་ཅོང་བརྡ་རྡུང་བ་དང་དོགས་ཟོན་བྱས་ཏེ་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་དུས་བབ་ལས་འགན་ཁོང་དུ་ཡང་དག་ཆུད་པ་དང་། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལྷོད་གཡེང་གི་བསམ་བློ་དང་། འབད་འཐབ་བྱེད་མི་འདོད་པའི་བསམ་པ། སྟེས་དབང་གི་བསམ་པ། རྣམ་གཡེང་གི་སེམས་ཁམས་བཅས་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། ཆེད་དོན་འཐབ་རྩོད་དང་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ཟབ་ཏུ་གཏོང་བ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱེད་དགོས། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་རྩ་ནས་སྔོན་འགོག་དང་། ཉེན་ཁ་གྲལ་བཤེར། ཚོད་འཛིན་ནན་པོ། གནས་ཚུལ་གྱི་ཉེན་ཟོན་སྔོན་བརྡ། འཕྲལ་སྡོམ་ཐག་གཅོད་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀའི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ་འགལ་ཟླ་དང་གནད་དོན་གཞི་རིམ་ནས་ཐག་གཅོད་དང་འབྱུང་རྩ་ནས་སེལ་དགོས། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། དྲ་མིག་ཅན་གྱི་དོ་དམ་ཞབས་འདེགས་ལེགས་སུ་གཏོང་བ། གྲངས་གཞི་ཆེན་པོའི་རིག་ནུས་ཅན་བཀོལ་སྤྱོད་ལ་སྣང་ཆེན་བྱེད་པ། དངོས་འཐབ་ཅན་གྱི་བླང་བྱ་ལྟར་འཕྲལ་སྡོམ་གྲ་སྒྲིག་བྱེད་པ། སྔ་ཕྱི་བར་གསུམ་དུ་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་བཅངས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་ནས་སྒྲུབ་པ་དང་གཞི་རིམ་དུ་སྤེལ་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱས་ཏེ་བསམ་བློའི་འདུ་ཤེས་དང་། ལས་ཀ་བྱེད་སྟངས། ལས་ཀའི་བྱེད་ཐབས་བཅས་འགྱུར་ལྡོག་བྱུང་བའི་གནས་ཚུལ་དང་དུས་བབ་དང་རྒྱུན་ཆད་མེད་པར་འཚམ་ཐབས་བྱེད་པ་དང་། དུས་བབ་གསར་པའི་འོག་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕན་ནུས་ལྡན་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྔ་སྲོལ་མཁྲེགས་བཟུང་དང་། སྟབས་བདེ་སླ་བཅོས། གཅིག་དཔེ་བརྒྱ་འགེབས་བཅས་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ“སྐར་ཁུང”གི་ཚན་པའི་ནུས་པ་ཏན་ཏིག་བཏོན་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་ཧུར་ཐག་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་སྡོམ། ཐལ་སྐྱོད་བཀག་སྡོམ། སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་འཛིན་པ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་བྱེད་སྒོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། བོད་ཀྱིས་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་གསལ་འགྲེལ་གཏིང་ཟབ་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ཀྱི་ལས་དོན་སྤེལ་བ་བཅས་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་བྱེད་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ནུས་པ་གང་ལེགས་བཏོན་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་དགོན་སྡེའི་དོ་དམ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གོ་རིམ་ལྡན་པའི་ངང་དོ་དམ་དང་། སློབ་གསོ། ཞབས་འདེགས་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། འགན་འཁྲིའི་འདུ་ཤེས་དང་སྲུང་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ནས་དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དགོན་སྡེའི་རིག་དངོས་སྲུང་སྐྱོང་དོ་དམ་ལ་དམ་འཛིན་ཡག་པོ། མེ་ཟོན་འདུ་འགོད་དང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ལག་བསྟར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རིག་དངོས་སྲུང་སྐྱོང་དང་མེ་ཟོན་བདེ་འཇགས་ལས་ཀའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།