དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཁུལ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་2022ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་གྱི་འགན་སྒྲུབ་གསལ་ཞུའི་དཔྱད་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-09

     ཚེས་6ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཁུལ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་2022ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་གྱི་འགན་སྒྲུབ་གསལ་ཞུའི་དཔྱད་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཞི་རིམ་དམ་འཛིན་ཧུར་ཐག་དང་རྨང་གཞི་དམ་འཛིན་ཧུར་ཐག་བྱེད་པའི་སྟོན་ཕྱོགས་ཁ་གསལ་འཛུགས་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་དབྱང་རྩ་འཛུགས་པུའི་རྩ་འཛུགས་ཅུས་གཉིས་པའི་ཅུས་ཀྲང་ཧྲི་ཅོན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་རེད། ཚོགས་འདུའི་ཐོག ས་ཁུལ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་ཚུལ་ལ་དམིགས་ཏེ་འགན་སྒྲུབ་གསལ་ཞུ་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གསན་ནས་རེ་རེ་བཞིན་དཔྱད་བརྗོད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“ནམ་ཡང་ཚར་དུས་མེད་པ་གཉིས”དང“ངེས་པར་དུ་གསུམ”ཁ་གསལ་བཏོན་ནས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་ཏང་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རྒྱུགས་འབུལ་ལམ་བུ་གསར་པར་ཡག་པོ་སྐྱོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ་ཤེས་རྟོགས་གཏིང་ཟབ་དང་ཆོས་ཉིད་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་བློ་དཀར་སེམས་དཀར་གྱི་སློབ་གསོ་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་བྱང་ཚད་རྟོག་ཞིབ་ལ་དམ་འཛིན་ཡག་པོ་བྱེད་པ། ཆབ་སྲིད་ཀྱི་ནུས་པ་སྦྱོང་བརྡར་དང་ཆབ་སྲིད་ཀྱི་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་ལས་དོན་ལ་ཇུས་འགོད་དང་། སྲིད་ཇུས་བཟོ་བ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་ཡོངས་སུ་ལག་བསྟར་བྱེད་དགོས།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་ཕན་འབྲས་དངོས་ཐོན་པར་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལས་ཁུངས་དང་། ཁེ་ལས། ཞིང་འབྲོག་ཁུལ། སློབ་གྲྭ སྡེ་ཁུལ། དགོན་སྡེ། དྲ་རྒྱ་བཅས་སུ་ཁྱབ་གདལ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། བོད་ཀྱི་དོན་དངོས་དང་འཚམ་པའི་ཞིབ་ཕྲའི་བྱ་ཐབས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བར་བྱེད་དགོས།

    ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་གཙོ་གནད་དུ་བཟུང་ནས་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བའི་མཐོ་ཚད་ནས་ནུས་ལྡན་ངང་ཡོངས་ཁྱབ་དང་། སྤུས་ཚད་མཐོར་གཏོང་། དཔུང་ཁག་འཛུགས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་བརྟན་སྲུང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་སྐྲུན་དགོས།

    ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལས་འགན་གལ་ཆེན་དོན་འཁྱོལ་བྱེད་པའི་གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ། ཏང་རྩ་འཛུགས་ཀྱིས་སྤྱི་འདོམས་དང་། རྩ་འཛུགས་ཀྱིས་མཉམ་སྐྲུན། ལས་དོན་མཉམ་སྒྲུབ། དཔུང་ཁག་མཉམ་འབྲེལ། ཞབས་ཞུ་མཉམ་སྒྲུབ། འགན་སྲུང་མཉམ་སྤྱོད། འགན་འཁྲི་མཉམ་བཤེར་བཅས་ཀྱི“སྤྱི་འདོམས་གཅིག་དང་མཉམ་དུ་དྲུག”གི་ལམ་སྲོལ་འཛུགས་དགོས། གྲོང་གསེབ་དར་རྒྱས་ལ་རམ་འདེགས་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་ལ་ཕྱོགས་སྡོམ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས།

    སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་འགན་སྲུང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་དང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ཏེ་སྲོལ་གསར་འཛུགས་པ་དང་། སྒྲིག་ཁྲིམས་ནན་པོ་མེད་པ་དང་། ཐེག་པ་འཁུར་ལེན་བྱ་རྒྱུ་མི་འདང་བ། སྤྱོད་ཚུལ་ཡག་པོ་མེད་པ། འཐབ་རྩོད་ཀྱི་འདུ་ཤེས་ཞན་པ། བསམ་བློ་སྒྱིད་ལུག་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་དང་རྣམ་པ་ཟབ་མོ་གཏོད་དགོས།

    ཧྲི་ཅུན་གྱིས་གསུང་བཤད་གནང་སྐབས་བོད་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། བོད་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཐད་ཆབ་སྲིད་འཛུགས་སྐྱོང་མངོན་པར་བྱེད་པ་དང་། རྩ་འཛུགས་ཀྱི་མ་ལག་ཞིབ་ཚགས་སུ་གཏོང་བ། སྤྱི་འདོམས་སྐུལ་འདེད་ལ་གཙིགས་ཆེན། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་བརྟན་དུ་གཏོང་བ། ཏང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་རིམ་གྱིས་བརྒྱུད་སྤྲོད་དང་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།