དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-09

     ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། 2022ལོའི་ལྗོངས་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་ཞིང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ཆུ་བོ་དང་མཚོའི་དོ་དམ་སྲུང་སྐྱོང་གི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ནས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་ལག་ལེན་ནུས་ལྡན་ཞིག་དང་ཆུའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན།

    ཆུའི་སྐྱེ་ཁམས་ཉམས་གསོའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་དགོས་ཤིང་། ཁ་ཕྱོགས་མི་འགྱུར་བ་དང་། ཤུགས་ཆུང་དུ་མི་གཏོང་བ། གནད་སྨིན་ཇུས་བསྟར་བཅས་མཐའ་འཁྱོངས་ཀྱིས་ཆུ་བོ་དང་མཚེའུ་ཡི་ཆུའི་ཐོན་ཁུངས་དང་། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་སྤྱི་འདོམས་བྱས་ནས་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་སླར་གསོ་དང་ཆུ་ཐོན་སྐྱེ་དངོས་ཀྱི་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་ཆུ་བོ་དང་གཙང་པོའི་ཆུ་འགོའི་ཁུལ་དང་། སྐྱེ་ཁམས་ཚོར་སྐྱེན་ཁུལ། གནམ་མཚོ། སེར་གླིང་མཚོ་སོགས་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱས་ནས་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས།

    ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཆུ་འགོ་ནས་སྔོན་འགོག་ཚོད་འཛིན་དང་སྦགས་བཙོག་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་ཆུ་བོ་དང་མཚེའུ་ཡི“ཟང་ཟིང་བཞི་གཙང་སེལ”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆུ་བོ་དང་མཚེའུ་བཅོས་སྒྲིག་གི་གཙོ་གནད་གནད་དོན་དག་ཐེར་གཏིང་ཟབ་བྱེད་པ། བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།

    ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་དགོས་ཤིང་། ཆུ་གྲོན་ཆུང་སྔོན་ལ་འཇོག་པའི་བྱེད་ཕྱོགས་མཐའ་འཁྱོངས་དང་། ཆུ་སྤྱོད་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ཁོངས་སྤྱི་འདོམས། ཆུའི་ཐོན་ཁུངས་ཟད་གྲོན་གྱི་བསྡོམས་འབོར་དང་ཟད་ཚད་གཉིས་ཀར་ཚོད་འཛིན་བཅས་བྱེད་དགོས་པ་མ་ཟད། ཆུ་འགོ་གཏོད་པ་དང་ཆུ་རྒྱུན་ཚོད་འཛིན་གཉིས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་། མངོན་མེད་སྟོབས་ཤུགས་སྔོག་འདོན་གཏིང་ཟབ། ཆུ་གྲོན་ཆུང་གི་ལག་རྩལ་ཁྱབ་སྤེལ་ཤུགས་ཆེན། ཆུའི་ཐོན་ཁུངས་གྲོན་ཆུང་དང་ཕན་ཆེའི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཚོད་འཛིན་དང་། ཆུ་སྤྱོད་ལས་ཆོད་ལ་ཚོད་འཛིན། ཆུའི་ནུས་པའི་ཁུལ་དུ་བཙོག་སྡུད་ལ་ཚོད་འཛིན་གྱི“དམར་ཐིག་གསུམ”བརྟན་དུ་གཏོང་བ་དང་དམ་འཛིན་ནན་པོ་བྱེད་དགོས།

    ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་ཤིང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ་སྐྱེ་ཁམས་འཛུགས་སྐྱོང་གི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་སྐྱེ་ཁམས་ཡུལ་སྐོར་དང་། སྐྱེ་ཁམས་ཞིང་ལས། གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་ཞིབ་འཇུག་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་བསྒྱུར་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

    རྨང་གཞི་བརྟན་པོ་འཛུགས་པ་དང་ཞན་ཆ་སེལ་དགོས་ཤིང་། ཆུ་བོ་དང་མཚེའུ་ཡི་ལྟ་ཞིབ་ཚད་ལེན་མ་ལག་དང་དོ་དམ་ཆ་འཕྲིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆུའི་ཁོར་ཡུག་བཅོས་སྐྱོང་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རིག་ལྡན་ཆུ་བོ་དང་མཚེའུ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆུའི་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།

    ཁྲིམས་འཛིན་ལྟ་སྐུལ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྡེ་ཚན་གྱི་མཉམ་འབྲེལ་ཁྲིམས་འཛིན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛིན་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་དཔུང་ཁག་བཀོད་སྒྲིག་ཡག་པོ་བྱེད་པ། “ཆུ་དཔོན་དང་མཚོ་དཔོན་དང་། ཅན་ཁྲ་ཀྲང་། ཉེན་རྟོག་དཔོན”ཟུང་དུ་འབྲེལ་བའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་དགོས།

    མཐའ་ཚད་ཀྱི་བསམ་བློ་འཛུགས་དགོས་ཤིང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་འགོག་སྲུང་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་སྔོན་བརྡ་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། ཉེན་ཁ་གྲལ་བཤེར་བྱེད་པ། གནོད་འཚེ་ཕྱོགས་བསྡུས་འགོག་སྲུང་དང་འཕྲལ་སྡོམ་རོགས་སྐྱོབ་བྱེད་པ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་བོ་དང་མཚེའུ་ཡི་བདེ་འཇགས་དང་། མང་ཚོགས་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས་བཅས་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས། རིམ་ཁག་ཆུ་དཔོན་དང་མཚོ་དཔོན་གྱིས་ཁོངས་གཏོགས་དེ་གའི་ཆུ་བོ་དང་མཚེའུ་ལ་དོ་དམ་སྲུང་སྐྱོང་བྱེད་པའི་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་འགན་འཁྲི་གསལ་རྟོགས་དང་། འགན་འཁྲི་འཁུར་བ། འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་ཆུ་བོ་དང་མཚེའུ་ཚང་མར་དོ་དམ་སྲུང་སྐྱོང་བྱེད་མཁན་ཡོད་པ་དང་། དོ་དམ་ཐུབ་པ་དང་དོ་དམ་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། ལྟ་སྐུལ་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ་དང་། དཔྱད་ཞིབ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་མཚོན་སྣེ་ཁྲིད་ལ་དམ་འཛིན་ཡག་པོ་བྱེད་པ། ཡར་སྐུལ་ཁྲིད་སྟོན་དང་འགན་འཁྲི་བདའ་འདེད་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པ། ཆུ་བོ་དང་མཚེའུ་སྲུང་སྐྱོང་ནང་སྤྱི་ཚོགས་ཡོངས་ཞུགས་པའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱས་ནས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།