དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཝང་ཅུན་ཀྲེང་།   |     སྤེལ་དུས།  2023-01-06

    ཝང་ཅུན་ཀྲེང་།

    གསུམ་པ། ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཀྱི་གདེང་ཚོད་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་རིང་གི་ཆེས་གཞི་རྩར་གྱུར་པ་དང་། ཆེས་གཏིང་ཟབ་པ། ཆེས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཤིག་རེད་ཅེས་བསྟན་གནང་ཡོད། རིག་གནས་དར་ན་རྒྱལ་ཁབ་དར། རིག་གནས་སྟོབས་ཆེར་ཕྱིན་ན་མི་རིགས་སྟོབས་ཆེར་འགྲོ་ཐུབ། རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན། སྔོན་ཐོན་རིག་གནས་ཀྱི་དགེ་མཚན་ལྡན་པའི་སྣེ་ཁྲིད་མེད་པ་དང་མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཧ་ཅང་ཕུན་སུམ་ཚོགས་པོ་མེད་པའམ་ཡང་ན་མི་རིགས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་མ་ཕྱིན་ཚེ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་མི་ཐུབ། ཀྲུང་ཧྭའི་རིག་གནས་ནི་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་གཅིག་སྡུད་དང་། མི་རིགས་ཁག་གི་བློ་གྲོས་ཀྱི་ཉིང་བཅུད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་རྒྱུ་ནོར་བཅས་ཡིན་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་གོང་བུ་གཅིག་ཏུ་འགྲིལ་བ་དང་མཐུན་སྒྲིལ་བྱེད་པར་འབྲེལ་ཐག་དང་རྨང་གཞིའི་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་ཁོིང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭའི་རིག་གནས་དང་མི་རིགས་དེ་རང་གི་རིག་གནས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པར་ཁྲིད་སྟོན་བྱེད་པ། ཀྲུང་ཧྭའི་རིག་གནས་ནི་གཙོ་བོ་དང་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་ངོས་འཛིན་ཡང་དག་བྱེད་པ། རིག་གནས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དེ་བས་རང་འགུལ་དང་དེ་བས་སྟོབས་དང་ལྡན་པའི་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་དགོས།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་བརྟན་པོར་འཛུགས་པ་དང་། བོད་དུ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་དང་། གནའ་རྫས་རྟོག་ཞིབ་དངོས་རྫས། རིག་གནས་ཤུལ་བཞག་བཅས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ནས་ལོ་རྒྱུས་ཀྱི་དཔྱད་གཞིའི་མ་ལག་དང་སྐད་ཆའི་མ་ལག་ཆ་ཚང་ཞིག་གྲུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་རང་སྐྱོང་ལྗོངས་ཀྱི་ཞིབ་འཇུག་ལྟེ་གནས་སྟོབས་ཆེར་བསྐྲུན་པ་དང་ཡག་པོ་སྤྱོད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྣེ་མང་གཞི་གཅིག་གི་འཕེལ་རྒྱས་བརྒྱུད་རིམ་ཤེས་རྟོགས་གཏིང་ཟབ་ཡོང་བར་སློབ་གསོ་ཁྲིད་སྟོན་བྱེད་པ། མི་རིགས་ཀྱི་ཁ་ཕྱོགས་དང་འབྱུང་འགྱུར་གསལ་པོར་མཐོང་ཐུབ་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ལ་བཅངས་པའི་མོས་སེམས་དང་། གཏོགས་སེམས། སྤོབས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་ཁག་གི་ཕུལ་བྱུང་རིག་གནས་ལ་བརྩི་འཇོག་དང་། སྲུང་སྐྱོང་། དར་སྤེལ་བཅས་གཏོང་རྒྱུ་དེ་མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་མངོན་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་མཐོང་སྣང་དང་གཟུགས་བརྙན་འདུ་འགོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་ལྡན་པ་དང་། མི་རིགས་ཁག་གི་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་གང་ལེགས། དེང་རབས་ཀྱི་ཤེས་དཔལ་མཉམ་འདྲེས། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་བཅས་ཀྱི་རིག་རྩལ་བརྩམས་ཆོས་ཁག་གཅིག་གསར་རྩོམ་བྱེད་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གཞན་སྒྱུར་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭའི་རིག་གནས་དེ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་འབྲེལ་ཐག་དང་བསམ་པའི་རྟེན་སར་འགྱུར་བ་བྱེད་དགོས།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཧུར་ཐག་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་རིག་གནས་ཡིན་ལ། ཀྲུང་ཧྭའི་ཤེས་དཔལ་ནམ་ཡང་མི་ཉམས་པའི་རྨང་གཞི་དང་སྲོག་རྩའང་ཡིན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་གཙོ་བོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་གི་ལོ་གཉིས་ཀྱི་འགག་སྒྲོལ་བྱ་སྤྱོད་དང་ལོ་གསུམ་གྱི་སྲ་བརྟན་མཐོར་གཏོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ། མི་རིགས་ཁག་དབར་འབྲེལ་གཏུག་བྱེད་པའི་སྐད་ཡིག་གི་འབྲེལ་ཟམ་འཛུགས་པ། གཞི་གཅིག་ཅན་དང་སྣེ་མང་ཅན་ཕན་ཚུན་གཅིག་གྱུར་གྱི་ཞི་མཐུན་གྱི་སྐད་ཡིག་ཁོར་ཡུག་གཏོད་པ། མི་རིགས་ཁག་དབར་སྐད་ཆ་གཅིག་མཐུན་དང་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ། དེ་བས་ལེགས་ལ་མྱུར་བའི་སྒོ་ནས་བསམ་བློའི་འདུ་ཤེས་དང་། བསམ་པའི་སྤྲོ་སྣང་། འཚོ་བ་སྐྱེལ་སྟངས་བཅས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་བཅས་བྱས་ཏེ་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    བཞི་པ། དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་ཁོར་ཡུག་བཟང་པོ་སྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་གསུངས་ཡོད། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་དང་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་མི་གཞན་དག་མཉམ་དུ་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་གསར་འབྱེད་དང་། ཐུན་མོང་ཐོག་མེས་རྒྱལ་གྱི་ལོ་རྒྱུས་ཡུན་རིང་རྩོམ་པ། ཐུན་མོང་ཐོག་ཀྲུང་ཧྭའི་འོད་སྟོང་འཕྲོ་བའི་རིག་གནས་གསར་གཏོད། ཐུན་མོང་ཐོག་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་སྐྱེད་སྲིང་བཅས་བྱས་ཡོད། མི་རིགས་ཁག་སྣ་མང་གཞི་གཅིག་ནི་མེས་པོ་རྣམས་ཀྱིས་ང་ཚོར་བཞག་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། རང་རེའི་རྒྱལ་ཁབ་ཀྱི་ལེགས་ཆ་གལ་ཆེན་ཞིག་ཀྱང་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་དང་། ཁེ་ཕན་གཅིག་མཐུན་འདུས་གྲུབ། འགན་འཁྲི་གཅིག་མཐུན་འདུས་གྲུབ་བཅས་ཡིན་པའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་ལ་ཟུག་པ་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སེམས་ནང་རྩ་བ་ཚུགས་པར་བྱེད་དགོས།

    ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས། རིགས་པའི་གཞུང་ལུགས་དང་ལག་ལེན་དང་། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱས་ཏེ་ཕྱོགས་མང་པོ་ནས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལ་སྔར་བས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་འབྱུང་ཁུངས་དང་དངོས་ཡོད་རྨང་གཞིར་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ལྷག་ཙམ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་གྲུབ་འབྲས་རླབས་པོ་ཆེ་དང་ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེར་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས།

    སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་མཐའ་འཁྱོངས་བྱེད་པ་དེ་བློ་སྟོབས་གཅིག་སྒྲིལ་དང་རྩ་སྲ་རྨང་བརྟན་གྱི་རྨང་གཞིའི་འདུ་འགོད་ལ་བརྩིས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ཁྲོད་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་དགོས་པ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་སྦྲེལ་བཅས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    དྲིལ་བསྒྲགས་སློབ་གསོའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། མི་ཆོས་རིག་གནས་ཅན་གྱི་དྲིལ་བསྒྲགས་འདུ་ཤེས་འཛུགས་པ་དང་། དུས་རབས་གསར་པའི་གླེང་ཕྱོགས་བརྒྱུད་སྤེལ་གྱི་ཆོས་ཉིད་དང་དམངས་ཀྱི་རིག་གནས་སེམས་ཁམས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། དྲིལ་བསྒྲགས་བྱ་ཡུལ་མི་འདྲ་བ་དང་མང་ཚོགས་ཀྱི་ཁྱད་ཆོས་ལ་དམིགས་པ། ཉམས་ལེན་རྣམ་པའི་དྲིལ་བསྒྲགས་ལ་སྐུལ་འདེད་གཏོང་བ། གོ་བདེ་ཤེས་སླ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཐད་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཚོགས་སྤྱི་ཅན་གྱི་དྲིལ་བསྒྲགས་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་ཆ་འཕྲིན་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་དུས་བབ་གསར་པ་དང་འཚམ་པར་བྱེད་པ་དང་། ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་དེ་ཐབས་ལམ་མང་པོ་དང་ཕྱོགས་ཀུན་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་དྲ་རྒྱའི་བར་མཐོངས་རྒྱ་སྐྱེད་གཏོང་བ་དང་། “དྲ་སྦྲེལ + མི་རིགས་མཐུན་སྒྲིལ”གྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། དྲ་ཐོག་རིག་གནས་སྤེལ་རེས་ཀྱི་མཉམ་སྤྱོད་ལས་སྟེགས་གཏོད་པ་བཅས་བྱས་ཏེ། དྲ་སྦྲེལ་བར་མཐོངས་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་སྟེགས་གསར་པ་ཞིག་ཏུ་འགྱུར་བར་བྱེད་དགོས། དངོས་མཚན་ཅན་གྱི་དྲིལ་བསྒྲགས་གཞི་རྟེན་བསྐྲུན་ནས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བའི”སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞིའི་མིང་འདོགས་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་ཀའི་བླང་བྱ་དེ་ལོ་རྒྱུས་རིག་གནས་དྲིལ་བསྒྲགས་སློབ་གསོ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན། གྲོང་ཁྱེར་གྱི་མཚོན་རྟགས་རང་བཞིན་གྱི་ཨར་ལས་འཛུགས་སྐྲུན། ཡུལ་སྐོར་མཛེས་ལྗོངས་བཤམས་སྟོན་སོགས་ཕྱོགས་མང་པོའི་ཐད་ནས་མཚོན་པར་བྱེད་པ། སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ། མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་བརྒྱུད་སྤྲོད་བཅས་བྱས་ཏེ། མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་དང་། གཅེས་སྐྱོང་། དེའི་ནང་ཞུགས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས།

    ལྔ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཞི་རྟེན་ནུས་ལྡན་གཏོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་བྱས་ནས་ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་གསར་གཏོད་བཅས་ལ་ཤུགས་རྒྱག་དགོས་ཞེས་བཏོན་གནང་ཡོད། མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་དབར་མཉམ་འདྲེས་གྱིས་སྣ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་གྲུབ་པའི་ལོ་རྒྱུས་ཤིག་དང་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་དང་། འཕེལ་རྒྱས་བཏང་བ། སྲ་བརྟན་བཏང་བ་བཅས་ཀྱི་རླབས་ཆེན་མེས་རྒྱལ་གྱི་ལོ་རྒྱུས་ཤིག་རེད། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ་དང་། མི་རིགས་དེ་གའི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་བསྟུན་པ་དང་ཞབས་འདེགས་ཞུ་བ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་དང་གཞི་རྟེན་ནུས་ལྡན་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་སེ་འབྲུའི་རྡོག་པོ་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

    རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤིང་། དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་བྱེད་གཞི་དང་འཇུག་གཞི་ཡང་དག་འཚོལ་དགོས། དཔེ་བཟང་ཁུལ་འཛུགས་གཏོད་ལས་ཀའི་ཁྲོད་ཀྱི་སྤྱོད་གོ་ཆོད་པའི་རྣམ་པ་མཐའ་འཁྱོངས་བྱེད་དགོས་ལ། དུས་བསྟུན་འཕེལ་རྒྱས་ཀྱིས་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་དཔེ་བཟང་ཁུལ་འཛུགས་གཏོད་+ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། བསམ་པའི་དཔལ་ཡོན་སྲོལ་གཏོད། སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་། དམག་དམངས་མཉམ་སྐྲུན་སོགས་ཀྱི་བྱེད་སྒོ་སྤེལ་ནས། ས་ཁོངས་རང་བཞིན་གྱི་འཛུགས་གཏོད་དང་། སྡེ་ཚན། ཁྱབ་ཁོངས་བཅས་ཀྱི་མཉམ་གཏོད་མཉམ་འཛུགས་ཀྱི་རྣམ་པ་ཆགས་པར་བྱས་ཏེ། དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།

    སྤེལ་རེས་གཏིང་ཟབ་དང་རྒྱ་ཁྱབ་བྱེད་དགོས་ཤིང་། སྤྱི་ཚོགས་ཀྱི་རྩ་འཛུགས་སྣ་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་། མང་ཚོགས་ཀྱིས་དགའ་པོ་བྱེད་པ་དང་ཞུགས་བདེ་བའི་ལས་སྟེགས་སྔར་ལས་མང་བ་བསྐྲུན་པ། རང་ལྗོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་བྱེད་པའི་འཆར་གཞི་དང་། མི་རིགས་ཁག་དབར་གྱི་སྤེལ་རེས་རྣམ་པ་འཕེལ་རྒྱས་ཀྱི་འཆར་གཞི། ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་སྐུལ་འདེད་གཏོང་བའི་འཆར་གཞི། ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བྱ་སྤྱོད་འཆར་གཞི་བཅས་གཅིག་གྱུར་འཆར་འགོད་དང་ལག་བསྟར་ཡག་པོ་བྱས་ནས། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། ཕྱོགས་ཡོངས་ནས་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་། བར་མཐོངས་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་བཅས་ཐད་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

    གཞི་རིམ་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ལྟེ་བའི་ས་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རྒྱ་ཆེའི་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་གལ་ཆེ་མཉམ་དུ་འཛིན་པ། ལས་ཁུངས་དང་བྱ་གཞག་ཚན་པ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གལ་ཆེ་མཉམ་དུ་འཛིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ལས་ཁུངས་དང་། སྡེ་ཁུལ། ལེན་ཤོག སྒོ་ར་ཆེན་པོ། ཁོའོ་དང་ཁང་། མཛེས་ལྗོངས་ཁུལ། དྲ་རྒྱ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཁྱིམ་ཚང་། ལས་གནས་སོགས་འཛུགས་གཏོད་བྱེད་སྒོ་ཆུང་གྲས་ཤུགས་ཆེན་སྤེལ་བ། མི་རིགས་མཐུན་འབྲེལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། དཔེ་བཟང་ཁུལ་འཛུགས་གཏོད་གཞི་རིམ་དུ་རྩ་བ་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་སྟེ། མང་ཚོགས་རྣམས་འཛུགས་གཏོད་ལས་དོན་ནང་ཞུགས་མཁན་དང་། ཤན་འབྱེད་མཁན། ཕན་པ་ཐོབ་མཁན་བཅས་སུ་དངོས་འབྲེལ་འགྱུར་བར་བྱེད་དགོས།

    དཔེ་སྟོན་སྣེ་ཁྲིད་ལ་མཐོང་ཆེན་བྱེད་དགོས་ཤིང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་ལྗོངས་ཀྱི་རྒྱལ་ཡོངས་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་དེ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་ཁྲིད་སྟོན་བྱེད་པའི་ལས་ཀའི་ཚོད་ལྟའི་ཞིང་ས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་དམག་ཏུ་གསོ་སྐྱོང་བྱས་ནས། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་སྔར་བས་མང་བ་གསར་གཏོད་བྱེད་པ་དང་། གནས་ཚིགས་འབྲེལ་གཏུག་དང་། ཡུག་གཅིག་ཏུ་འབྲེལ་བ། ཡུག་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་བཅས་ཀྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་འཛུགས་གཏོད་དང་། ཏང་ཡོན་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་གཞུང་ལས་པས་རང་དཔེ་གཞན་སྟོན་དང་མིག་དཔེ་ཡག་པོ་བསྟན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

    དྲུག་པ། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་དོན། ངེས་པར་དུ་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ནང་དོན་གལ་ཆེན་ཡིན་ལ། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་པའི་འགྲོ་ལམ་རྒྱུན་འཁྱོངས་བྱེད་པའི་འགག་རྩའི་ལྷུ་ཚིགས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་གྱི་གཞི་རྩའི་ཉམས་མྱོང་ཡིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་ལྟར་བོད་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་བྱེད་སྟངས་དེ་བས་ལེགས་པའི་སྒོ་ནས་སྤྱད་དེ། ཉེན་ཁར་དོགས་ཟོན་བྱེད་པ་དང་། ཉེས་གསོག་ལ་རྡུང་རྡེག་གཏོང་བ། གནད་དོན་ཐག་གཅོད་བྱེད་པ། འགལ་ཟླ་སེལ་བ་བཅས་བྱེད་དགོས།

    རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ཤིང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཡིན་ལ། རྩ་ཁྲིམས་ནི་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན། མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་ནི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བའི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན་ལ། བཅའ་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་བརྩི་སྲུང་བྱེད་ས་གལ་ཆེན་ཞིག་ཀྱང་ཡིན། གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་དང་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་བྱས་ཏེ། རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་རྩ་ཁྲིམས་ཀྱི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཅིག་སྡུད་གཅིག་གྱུར་ཡོང་བར་འགན་ལེན་བྱེད་དགོས་ལ། མི་རིགས་ཁག་རང་ཁྱིམ་རང་བདག་མངོན་འགྱུར་ཡོང་བ་བྱས་ནས། ཀྲུང་ཧྭ་མི་རིགས་གཞི་གཅིག་ཅན་ལ་སྲུང་སྐྱོང་བྱེད་པ་མཚོན་དགོས་པ་མ་ཟད། མི་རིགས་ཁག་གི་སྣ་མང་རང་བཞིན་ལའང་བརྩི་འཇོག་བྱས་པའང་མཚོན་པར་བྱེད་དགོས།

    མི་རིགས་ལས་དོན་གྱི་ས་གནས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། ཡང་དག་པ་མཐའ་འཁྱོངས་དང་དུས་ཡོལ་རིགས་ལེགས་སྒྲིག་བྱས་ཏེ། མི་རིགས་ལས་དོན་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་དོར་འགྲེལ་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་དགོས་པ་དང་། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་དགོས་མཁོ་དང་མི་འཚམ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཕན་པ་མེད་པའི་བསམ་བློའི་ངོས་འཛིན་དང་། སྲིད་ཇུས་དང་བྱ་ཐབས། ལས་ཀ་བྱེད་སྟངས། ལག་ལེན་གྱི་ཁྲིད་སྟོན། གདེང་འཇོག་གི་ཚད་གཞི་བཅས་ལེགས་བཅོས་ཏན་ཏིག་བྱས་ཏེ། ས་ཁོངས་གཅིག་པའི་མི་རིགས་དབར་གྱི་སྤྱི་པའི་ཞབས་ཞུའི་སྲིད་ཇུས་ཀྱི་ཁྱད་པར་ཇེ་ཆུང་དུ་གཏོང་བ་དང་། མི་རིགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་དགོས་ཤིང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་དབྱེ་འབྱེད་ནན་པོ་བྱེད་པ་དང་། མི་རིགས་ཀྱི་ཐོབ་ཐང་དབྱེ་འབྱེད་ལ་བརྟེན་ནས་དབྱེ་བ་ཕྱེ་སྟེ་ཁྲིམས་བསྟར་གདམ་ག་མི་བྱེད་པར། གནད་དོན་གང་ཞིག་ཡིན་ན་གནད་དོན་དེ་རང་ལྟར་ཐག་གཅོད་བྱེད་པ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱས་ཏེ། མི་རིགས་ཁག་གི་སྤྱི་དམངས་ཀྱིས་འདྲ་མཉམ་ངང་ཁེ་དབང་ལོངས་སྤྱོད་དང་འདྲ་མཉམ་ངང་འོས་འགན་ལག་བསྟར་བྱེད་པར་ཁག་ཐེག་དང་། བློ་བརྟན་འགྱུར་མེད་ངང་བཅའ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་འགན་སྲུང་དང་སྲ་བརྟན་དུ་གཏོང་དགོས།

    ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བཏོད་དེ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། “བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་ལག་བསྟར་ཤུགས་ཆེན་བྱེད་པ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་དག་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཤོར་སྐབས་ཁྲིམས་བཞིན་སེལ་བ་བཅས་ཀྱི་དར་སྲོལ་བཟང་པོ་ཆགས་པར་བྱས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ལྷག་བསམ་རྣམ་དག་གི་དད་ཞེན་པ་དང་། རང་རྟོགས་ངང་སྲུང་བརྩི་ཞུ་མཁན། བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།

    གསུམ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས། ཏང་དང་རྒྱལ་ཁབ་ཀྱི་རྩ་བ་གནས་ས་དང་སྲོག་རྩ་གནས་ས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་དང་ལས་དབང་དང་འབྲེལ་ཡོད་ཅེས་གསུངས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ“གཙོ་རྐང”དུ་བྱེད་པ་དང་། དར་ཆ་གསལ་སྟོན་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཕྱོགས་ཁག་ཚང་མར་མཚོན་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སྲོལ་ལམ་བརྒྱུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

    གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། མི་རིགས་ལས་དོན་དེ་ཕྱོགས་ཁག་ཚང་མ་དང་འབྲེལ་བ་ཡོད་པ་དང་ཕྱོགས་ཁག་ཚང་མ་ནི་མི་རིགས་ཀྱི་ལས་དོན་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་ལྟེ་བའི་ལས་དོན་དང་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་བྱེད་པ་དང་། རྟག་ཏུ་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཉན་ནས་མི་རིགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། མི་རིགས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་རིགས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཚན་པ་དང་། འགན་འཁྲི་གཅིག་ལྕོགས་ཨུ་ཡོན། འབྲེལ་གཏུག་པ་བཅས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ། བསམ་ཕྱོགས་དང་ཐབས་ཤེས་གསར་གཏོད་བྱེད་པ། བརྩེ་སེམས་ཟབ་མོས་མི་རིགས་ལས་དོན་ཡག་པོ་སྒྲུབ་པ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་གང་ཐུབ་དང་མི་སེམས་གཅིག་ཏུ་སྒྲིལ་གང་ཐུབ་བྱེད་པ་བཅས་ཀྱི་ཐོག་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    གཉིས་ནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་རྗེས་ལས་བྱེད་པ་ནི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན། མི་རིགས་ལས་དོན་ཤེས་མིན་དང་མི་རིགས་མཐུན་སྒྲིལ་བྱེད་ཤེས་མིན་དེ་འགོ་ཁྲིད་ལས་བྱེད་པར་རྟོག་ཞིབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་། ལས་བྱེད་པ་འདེམས་བསྐོ་བཀོལ་སྤྱོད་ཀྱི་ཆ་སྒྲིག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱེད་པར་མཐོང་ཆེན་བཅས་བྱས་ཏེ། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པོ་དང་། ཡིན་མིན་ཆེན་པོ་གསལ་འབྱེད་བྱེད་པའི་ལངས་ཕྱོགས་ཧ་ཅང་བརྟན་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བྱ་སྤྱོད་ཧ་ཅང་བརྟན་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ལྷག་པར་ཟབ་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གནས་སྦྱར་སྦྱོང་བརྡར་དང་ལས་གནས་མང་པོར་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་འགན་འཁྲི་འཁུར་ཕོད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་དག་བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱས་ཏེ། ཁོང་ཚོ་འགོ་ཁྲིད་ཀྱི་ལས་གནས་གལ་ཆེན་ཐོག་བཞག་ནས་ཁུར་པོ་ལྕི་པོ་དང་འགན་འཁྲི་ཆེན་པོ་འཁུར་དུ་འཇུག་དགོས།

    གསུམ་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། རྨང་གཞི་བརྟན་པོ་མེད་ཚེ་བྱ་བ་ལེགས་པར་སྒྲུབ་དཀའ། གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་འཐབ་འཛིང་ནུས་པ་ཧྲིལ་པོའི་རྨང་གཞི་ཡིན། གཞི་རིམ་ལ་དམ་འཛིན་ནན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་ཀྱིས། འགག་རྩའི་གནས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་། ཏང་གི་རྩ་འཛུགས། ཏང་གི་ནུས་པ། ཏང་གི་ལས་དོན་བཅས་གཞི་རིམ་གྱི་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་བཅོས་སྒྲིག་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོར་འགྱུར་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་འཐབ་འཛིང་གི་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་ཧུར་ཐག་བྱས་ནས། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཞི་རིམ་དུ་ཤེས་མཁན་ཡོད་པ་དང་མི་རིགས་ལས་དོན་གཞི་རིམ་དུ་དམ་འཛིན་བྱེད་མཁན་ཡོད་པའི་འགན་ལེན་བྱེད་དགོས།

    བློ་མཐུན་རྣམ་པ། དུས་རབས་གསར་པས་འགན་འཁྲི་གསར་པ་འཁུར་རྒྱུའི་འབོད་སྐུལ་བྱེད། ལས་འགན་གསར་པས་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་སློང་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་བློའི་ངོས་འཛིན་གཅིག་གྱུར་དང་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། གསར་འབྱེད་ཡར་བརྩོན་དང་ལས་དོན་ཏན་ཏིག་སྒྲུབ་པ། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་བརྩམས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།