དབུ་ཤོག>སྲིད་དོན།
  • གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-05

    a665533e-42d7-4236-9492-278d59c0f432.jpg.jpg

    ཟླ་1ཚེས་3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ།

    19645627-e715-4dd8-916c-c099cf3dffc9.jpg.jpg

    ཟླ་1ཚེས་3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འདུ་ཤེས་དང་བསམ་ཕྱོགས་སྒྱུར་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་བློའི་འཆིང་རྒྱ་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་སྒྱུར་བར་ཁྲིད་སྟོན་བྱས་ཏེ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་དམིགས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། མ་ལག་གི་འདུ་ཤེས་ལ་བརྟེན་ནས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་སྒྱུར་བར་སྐུལ་འདེད་གཏོང་བ་དང་། དུས་རབས་ཀྱི་གོམ་པའི་རྗེས་སུ་སྙེག་པ་དང་ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་པ། མཁྲེགས་བཟུང་གི་བསམ་གཞིག་དང་གཞན་རྟེན་གྱི་བསམ་བློ་འདོར་བ་བཅས་བྱས་ཏེ་བསམ་ཕྱོགས་གསར་པ་ཆགས་པ་དང་། བྱེད་ཐབས་གསར་པ་འདོན་པ། གནད་དོན་གསར་པ་ཐག་གཅོད་བཅས་བྱེད་དགོས། སྔོན་ཐོན་གྱི་ཉམས་མྱོང་ལ་བརྟེན་ནས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་སྒྱུར་བར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། སྔོན་ཐོན་གྱི་ལག་རྩལ་དང་ཤེས་ལྡན་པ་རང་ལྗོངས་སུ་མཁོ་བའི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས།

    ཐེག་པ་འཁུར་ལེན་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འོས་འགན་མཐའ་གཅིག་ཏུ་ཆེ་རུ་གཏོང་དགོས། ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང“ངེས་པར་དུ་གསུམ”བློ་ལ་བརྟན་པོར་ངེས་ནས་ནུས་ཤུགས་ཡོད་རྒུས་ཏང་དང་དཀའ་སྡུག་མཉམ་འཁུར་དང་། རྒྱལ་ཁབ་ལ་རང་འགན་གཙང་སྒྲུབ། མི་དམངས་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས། གཞི་རིམ་གྱི་རྨང་གཞི་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་ཕུགས་ཕན་རང་བཞིན་གྱི་གནད་དོན་ཐད་གནད་སྨིན་ཤུགས་འདོན་དང་། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འགལ་ཟླའི་གནད་དོན་དང་དཀའ་ངལ་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱེད་དགོས་ལ། ལྷག་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་སོགས་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ཁ་ཞེ་གཉིས་མེད། རྣམ་འགྱུར་ཡང་དག་འཛིན་པ་བཅས་བྱེད་དགོས།

    དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ངོ་བོའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། མིག་གཞི་རིམ་ལ་ལྟ་བ་དང་། གཙོ་གནད་གཞི་རིམ་ལ་ཕྱོགས་པ། ལས་དོན་གཞི་རིམ་ཏུ་སྤེལ་བ་བཅས་བྱས་ནས། མི་དམངས་ཀྱིས་བརྩི་བཀུར་བྱེད་མིན་དང་། མོས་མཐུན་བྱེད་མིན། དགའ་པོ་བྱེད་མིན། ཁས་ལེན་མིན་བཅས་ལས་དོན་གྱི་ཐོབ་ཤོར་ལ་ཚད་འཇལ་བའི་རྩ་བའི་ཚད་གཞིར་མཐའ་འཁྱོངས་འཛིན་དགོས། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་ཏང་ཡོན་ལས་བྱེད་པས་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ཏེ་དམ་འཛིན་གྱིས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་འཚོ་བར་སེམས་ཁུར་བྱས་ནས་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་བྱ་བ་མང་ཙམ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    ཉམས་སད་ཐེག་པའི་འཇོན་ཐང་འཕེལ་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐའ་གཅིག་ཏུ་མཐོ་རུ་གཏོང་དགོས། སློབ་སྦྱོང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཤེས་བྱ་དང་། འཇོན་ཐང་། ནུས་པ་བཅས་མི་འདང་བའི་ཁ་ཚ་དགོས་གཏུགས་ཀྱི་བསམ་བློ་དུས་དང་རྣམ་པ་ཀུན་ཏུ་འཁོར་བར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཤེས་བྱ་གསར་པ་ཁོང་དུ་ཆུད་པ་དང་། ཁྱབ་ཁོངས་གསར་པར་རྒྱུས་མངའ་ལོན་པ། མཐོང་རྒྱ་གསར་པ་གཏོད་པ་བཅས་བྱེད་དགོས། ལག་ལེན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་ལ་གཏུགས་ཕོད་པ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་དང་གླེང་མང་བའི་གནད་དོན་ལ་ཐད་ཀར་ཕྱོགས་པ་བཅས་བྱས་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས། ལག་བསྟར་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། འགན་འཁྲི་དང་འགན་ནུས་ལ་གཞི་ཚུགས་ནས་གང་ཞིག་སྒྲུབ་མིན་གསལ་པོ་ཤེས་པ། ལས་ཀའི་བསམ་ཕྱོགས་གསལ་པོ་བཟོས་ཏེ་གང་འདྲ་བྱས་ནས་སྒྲུབ་དགོས་པ་ཤེས་པ་ལས་ཀའི་ཁྱད་ཆོས་མངོན་པར་བྱས་ནས་གང་འདྲ་བྱས་ནས་ཡག་པོ་སྒྲུབ་དགོས་པ་གསལ་པོ་ཤེས་པ་བཅས་བྱས་ཏེ་ནུས་ལྡན་གྱི་ལག་བསྟར་བྱེད་ཐབས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས།

    དམ་པ་དོན་གཉེར་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་མཐའ་གཅིག་ཏུ་ཆགས་པར་བྱེད་དགོས། དཀའ་སྤྱད་འབད་འཐབ་རྒྱུན་འཁྱོངས་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལག་ལེན་ཤུགས་ཆེན་བསྟར་བ། ནུས་པ་ཆེར་གཏོང་དང་སྤྱོད་ཚུལ་ལ་ཞུན་བརྡར་བཅས་བྱས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ཏན་ཏིག་སྒྲུབ་དགོས། གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་དང“ངེས་པར་དུ་སྒྲུབ་དགོས་པ་བརྒྱད”དང“མིག་དཔེ་དྲུག”གི་ཚད་གཞི་དང་ཡང་ཡང་བསྡུར་ནས། ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་བསྟར་བློ་ཐག་ཆོད་ཅིང་ནུས་པ་ལྡན་པ། ལས་སྒྲུབ་ཁྲིམས་མཐུན་དང་ལས་ཕྱོད་ཆེ་བ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། གནད་དོན་གྱི་ངོ་བོ་དང་ཆོས་ཉིད་ཁོང་དུ་གནད་སྨིན་ཆུད་པ་དང་། གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་ཐབས་ཇུས་ལ་ཞིབ་འཇུག་གནད་འཁེལ་པ། ལྷག་པར་དུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་རང་འགུལ་ངང་བརྟག་ཞིབ་དང་། དམ་འཛིན་ལྷོད་མེད། ཐག་གཅོད་ནན་ཏན་བཅས་བྱེད་དགོས། རྩོམ་སྲོལ་དང་ཚོགས་སྲོལ་ལེགས་སུ་བཏང་ནས། ཚོགས་འདུ་ཉུང་ཙམ་འཚོག་པ་དང་ཚོགས་འདུ་ཐུང་ངུ་འཚོག་པ། ཡིག་ཆ་ཉུང་ཙམ་འགྲེམས་པ་དང་ཡིག་ཆ་ཐུང་ངུ་སྤྲོད་པ། གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་གཏོང་བ་བཅས་བྱས་ཏེ་ལས་བྱེད་པའི་བསམ་བློ་ལས་སྒྲུབ་ལས་གཏོད་ཐད་འཇོག་པ་དང་སེམས་ཤུགས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་འཇོག་ཐུབ་པ་ཏན་ཏིག་བྱེད་དགོས།

    སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་མཐའ་གཅིག་ཏུ་འཐུས་སྒོ་ཚང་དུ་གཏོང་དགོས། སྒྲིག་ཁྲིམས་སྒྲིག་ལམ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་རྩ་ལག་མཉམ་བཅོས་ཟབ་ཏུ་གཏོང་བ་དང“སྤྱོད་ཚུལ་བཞི”ལ་མུ་མཐུད་ཡོ་བསྲང་བྱེད་དགོས། དོ་དམ་དང་། དཔྱད་ཞིབ། གདེང་འཇོག་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གི་དོན་དངོས་ཞིབ་ཕྲར་གཞིགས་ཏེ་དཔྱད་ཞིབ་དམིགས་ཚད་ཚན་རིག་དང་མཐུན་པའི་ངང་བཟོས་ནས། ལས་དོན་མཐའ་དག་ཞིབ་ཕྲ་ཅན་དང་། ལས་དོན་ཞིབ་ཕྲ་རྣམ་གྲངས་ཅན། རྣམ་གྲངས་དོ་དམ་འགན་འཁྲི་ཅན། འགན་འཁྲི་དོན་འཁྱོལ་ཕན་འབྲས་ཅན་བཅས་ཡོང་བར་བྱེད་དགོས། ལས་བྱེད་པའི་ཐེག་པ་འཁུར་ལེན་གྱི་ལྕག་འདེབས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། འཇོན་ཐང་ལ་གཞིགས་ཏེ་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ་དང་། གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་ཤེས་རྟོགས་དང་། གདམ་གསེས། གསོ་སྐྱོང་། བཀོལ་སྤྱོད་བཅས་བྱེད་མཁས་པོ། ལས་བྱེད་པ་ཞུགས་ཐུབ་ལ་དོན་ཐུབ་པ་དང་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུ་ཡོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དངོས་སྒྲུབ་གོང་དུ་བཀུར་བ་དང་ཐེག་པ་འཁུར་ལེན་ལ་ལྕག་འདེབས་བྱེད་པའི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས།

    རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟ་ཞིབ་ཁང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག ཆབ་མདོ་གྲོང་ཁྱེར། རང་སྐྱོང་ལྗོངས་སློབ་གསོ་ཐིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས། སྨར་ཁམས་རྫོང་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།