དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-05

    ཝང་ཅུན་ཀྲེང་།

    དེ་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཡོད། ལས་འགན་གཙོ་བོ་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ལག་བསྟར་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་དང་། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་ཕྱོགས་སྡོམ། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སླར་ཡང་བཀོད་སྒྲིག་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྔར་བས་སྐུལ་སློང་དང་སྒྲིག་འཛུགས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ད་ཐེངས་ཀྱི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། ཆེད་མངགས་རྟེན་འབྲེལ་གློག་འཕྲིན་ཡང་བཏང་ནས་རང་ལྗོངས་ཀྱི་མི་རིགས་ལས་དོན་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་བ་གང་ལེགས་མཚོན་ཡོད།

    ད་ལྟ་ང་ཚོས་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། བློ་མཐུན་ཁག་གཅིག་གིས་འཐུས་མིའི་ངོས་ནས་གཏམ་བཤད་ཡག་པོ་གནང་སོང་། གཏམ་བཤད་ཀྱི་ཆུ་ཚད་མཐོ་ལ་ནང་དོན་ཟབ་པ་དང་། ཧ་ཅང་བབ་ཆགས་ལ་མི་སེམས་འགུལ་བ་ཞིག་ཡོད་པ་མ་ཟད། ཚང་མ་གཞི་རིམ་གྱི་འཚོ་བའི་ལག་ལེན་དངོས་ལས་བྱུང་བ་ཤ་སྟག་ཡིན་པ་དེ་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་བཟང་པོ་གང་ལེགས་མངོན་ཡོད། འདིར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་གྱི་འཐབ་ཕྱོགས་སུ་འབད་འཐབ་གནང་མཁན་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཡུན་རིང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན། གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། གྲུབ་འབྲས་དར་སྤེལ། སླར་ཡང་གྲུབ་འབྲས་བཟང་པོ་གཏོད་རྒྱུའི་རེ་བ་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཁོང་ཚོ་མིག་དཔེར་འཛིན་ནས་སྔོན་ཐོན་དང་ཡང་ཡང་བསྡུར་བ་དང་འགྲན་སློབ་སྙེག་བརྒལ་བྱས་ཏེ། དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

    མཐུན་སྒྲིལ་ནི་སྟོབས་ཤུགས་རེད། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་འཐོབ། མ་འོངས་པའི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་འགོ་རྩོམ་པའི་འགག་རྩའི་དུས་སྐབས་ཤིག་རེད། དུས་རབས་ཀྱི་རྒྱང་ལམ་གསར་པར། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་དང་འབྲེལ་བའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་རིགས་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་ལྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་མུ་མཐུད་ཟབ་ཏུ་དང་རྒྱ་ཆེར་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་དོན་འཁྱོལ་དང་། ཕན་འབྲས་ཐོན་པ། གྲུབ་འབྲས་ཐོབ་པ་བཅས་བྱེད་དགོས།

    གཤམ་ལ་ངས་ཕྱོགས་གསུམ་ཐད་ཀྱི་བསམ་འཆར་རྗོད་ཀྱི་ཡིན།

    གཅིག མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པར་བརྟེན་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར་བརྩི་བ་དང་། འཐབ་ཇུས་ཀྱི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ཀྱི་ལས་འགན་ལ་བརྩི་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”དམིགས་པ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་སྒྲུབ་པ། བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་པར་བརྟེན། ལྗོངས་ཡོངས་སུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཐོན་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”པ་དུས་རབས་ཀྱི་འབོད་སྒྲ་ཞིག་ཏུ་གྱུར་ཡོད།

    ཏང་གིས་མི་རིགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཏང་ཨུད་ཀྱིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་གི་ནུས་པ་གང་ལེགས་འདོན་པ་དང་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་དང་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཚན་གྱིས་འགན་འཁྲི་གཙང་སྒྲུབ། སྡེ་ཚན་ཁག་གིས་མཉམ་ལས་ཤུགས་ཆེན། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་འཐུས་སྒོ་ཚང་དུ་བཏང་བར་བརྟེན། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་སྐུལ་མ་ཐེབས་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་དམ་པོར་དམིགས་ནས། དུས་རབས་གསར་པའི་བོད་ཀྱི་མི་རིགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཟོས་པ་དང་། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”བཀོད་སྒྲིག་དང་ལག་བསྟར་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་ལ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་བ། “ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔ”མི་སེམས་ལ་དེ་བས་གཏིང་ཟབ་ཟུག་པ་བཅས་བྱས་པར་བརྟེན། རྒྱལ་ཡོངས་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ཁག་གཅིག་ཐོན་པ་དང་། ས་ཁུལ(གྲོང་ཁྱེར)5ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ས་ཁུལ(གྲོང་ཁྱེར)གྱི་མཚན་སྙན་ཐོབ་པ། ཚན་པ་63ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པའི་མཚན་སྙན་ཐོབ་པ། ཚན་པ་8ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིའི་མཚན་སྙན་ཐོབ་ཡོད།

    “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་དང་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བརྟེན། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང(ཆུས)74ཚང་མ་དབུལ་ཞྭ་ཕུད་ནས། ལོ་ངོ་སྟོང་ཕྲག་རིང་མི་རིགས་ཁག་གི་མང་ཚོགས་ལ་དཀའ་ངལ་བཟོ་བའི་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་ཀྱི་རང་བཞིན་ངང་ཐག་གཅོད་བྱུང་སྟེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།

    མི་རིགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མར་བཏོན་པ་དང་། 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ཁྱབ་བསྒྲགས་དང་ལག་ལེན་བསྟར་བར་བརྟེན། བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛུགས་མ་ལག་གི་སྟོང་ཆ་བསྐངས་པ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་ཐུབ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་འཆར་འགོད་སོགས་ལེ་ལག་ཚང་བའི་སྲིད་ཇུས་བཏོན་ཏེ་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།

    མཐའ་དར་དམངས་ཕྱུག་གི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་འཆར་འགོད་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་འཆར་འགོད། མི་འབོར་ཅུང་ཉུང་བའི་མི་རིགས་ལ་རོགས་སྐྱོར་བྱེད་པའི་འཕེལ་རྒྱས་འཆར་འགོད་བཅས་བཟོས་ནས་སྲིད་ཇུས་དང་མ་དངུལ་མཐའ་མཚམས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་གཏོང་བར་སྐུལ་འདེད་བཏང་སྟེ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་628ཕྱོགས་ཡོངས་ནས་བསྐྲུན་པར་བརྟེན། མཐའ་མཚམས་མི་སེར་ཁྲི་25ཙམ་ལ་ཕན་པ་ཐོབ་པ་མ་ཟད་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས“ཕན་འདོགས་པ་ལྔ”ཡི་ཚད་གཞི་དོན་འཁྱོལ་བྱས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བ། ཆོས་ལུགས་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། ཆོས་ལུགས་ཀྱི་ལས་དོན་དང་ཆོས་ལུགས་ཀྱི་བྱེད་སྒོར་ཁྲིམས་ལྟར་དོ་དམ་བྱས་པ། སྤྱི་ཚོགས་ཡོངས་དང་ལྷག་པར་དུ་ཆོས་ལུགས་ལས་རིགས་སུ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་བསལ་བ་བཅས་བྱས་པར་བརྟེན། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་ཐུབ་པ་མ་ཟད་གྲུབ་འབྲས་ཀྱང་གསར་པ་ཐོབ་ཡོད།

    ལྷག་པར་དུ་ཏོག་གསར་རིམས་ནད་ཐོན་རྗེས། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་ཡོད་སྤུན་ཟླའི་ཞིང་ཆེན(གྲོང་ཁྱེར)གྱིས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་ཤུགས་ཆེན་བཏང་སྟེ་རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་པར་རྒྱབ་སྐྱོར་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་དོན་ཆེན་སྒྲུབ་པའི་མངོན་གསལ་དོད་པའི་ལེགས་ཆ་གཏིང་ཟབ་ཚོར་བ་མ་ཟད། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཀྱང་ཚོར་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གཅིག་སེམས་གཅིག་སྒྲིལ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། མཉམ་དུ་རིམས་འགོག་བཅས་བྱས་པ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་ཕྱིན་པ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བློ་སྟོབས་སྔར་བས་བརྟན་དུ་ཕྱིན་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ཡོད། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་དོད་པའི་ལག་ལེན་ལས་མི་རིགས་ཀྱི་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་ཞིག་དང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།

    གཉིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་སྤྱི་འདོམས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བཟུང་སྟེ་དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

    མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱས་ཏེ། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་སྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་ལ་སྐུལ་སློང་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བཅས་བྱས་ནས་དེ་བས་དཔའ་ཉམས་ཆེན་པོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

    དང་པོ། མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རེའི་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ཀྱི་སྲིད་ཇུས་རྒྱུན་འཛིན་གནང་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་པ་དང་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་བཏོད་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་གསར་གཏོད་དང་འཕེལ་རྒྱས་བཏང་གནང་བ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན་ལ། ང་ཚོས་དུས་རབས་གསར་པའི་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཕྱོགས་སྟོན་ཞིག་ཀྱང་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱིས་ཆབ་སྲིད་ཀྱི་གཏོགས་སེམས་དང་ཆབ་སྲིད་ཀྱི་མོས་སེམས་ནན་བཤད་བྱས་པ་ནི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཀྱི་གཏོགས་སེམས་ཆེ་ཤོས་དང་འཛམ་གླིང་ལ་ཕྱོགས་པའི་རིག་གནས་ཀྱི་གཏོགས་སེམས་ཡིན་ཞིང་། སྲོག་ཤིང་ནི་མི་རིགས་ཁག་གི་མང་ཚོགས་ཚོས་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་སྦྲེལ་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་འདི་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩི་བ་ནི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ། ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་ནི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་གཙོ་རྐང་ཞིག་ཡིན་ལ། བོད་ཀྱི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཀྱང་ཡིན་ཞེས་གསུངས་ཡོད། དེས་ང་ཚོར་དུས་རབས་གསར་པའི་བོད་ཀྱི་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། སྒུལ་ཤུགས་ཆེན་པོ་བསྣན་པ། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི“མོས་སེམས་ལྔ”ཟབ་ཏུ་གཏོང་བ་དང་། བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྐྲུན་པ། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། མཐའ་མཚམས་སྲ་བརྟན། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་བཅས་ལ་ཕན་ཐོགས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ཀྱི་མི་རིགས་ཀྱི་ལས་དོན་ཡག་པོར་སྒྲུབ་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པར་སྟངས་འཛིན་ནན་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་དམ་པོར་འཛིན་པ། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་ཀྱི་འབྲེལ་བ། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་ཀྱི་འབྲེལ་བ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་འབྲེལ་བ་བཅས་ཁོང་དུ་ཡང་དག་ཆུད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་མཐོ་ཚད་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་མཐོ་ཚད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་བཅས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་བརྟན་དུ་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    གཉིས་པ། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་ཞེས་གསུངས་ཡོད། བོད་ནི་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པ་དང་། ལོ་རྒྱུས་དང་། དཔལ་འབྱོར། རང་བྱུང་ཆ་རྐྱེན་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་གྱིས་ཚོད་འཛིན་ཕོག་པའི་དབང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཆུ་ཚད་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་ཡོད། འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་རེད། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ཏེ་རང་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་གྱི་འགན་འཁྲི་དང་ལས་འགན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་ཟམ་མི་ཆད་པར་བསྐངས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྐྲུན་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད། མི་རིགས་མཐུན་སྒྲིལ་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། བོད་ཀྱི་ས་བབ་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལ་ངོས་འཛིན་ཡང་དག་བྱས་ནས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བཅས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཡང་དག་འཚོལ་བ་དང་སྟངས་འཛིན་ཡང་དག་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། ཐུན་མོང་ཕྱུག་འགྱུར་གྱི་འཇུག་སྒོ་དང་ཤུགས་རྒྱག་སར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱས་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་པ་དང་། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཅུག་པའི་རྣམ་གྲངས་གལ་ཆེན་རང་འགུལ་ངང་སྙན་སེང་ཞུ་བ་དང་འབྲེལ་མཐུད་བྱས་ཏེ་སྔ་ཙམ་ཞིབ་བཤེར་ཆོག་མཆན་འགོད་པ་དང་། སྔ་ཙམ་དོན་འཁྱོལ། སྔ་ཙམ་ལས་འགོ་འཛུགས་པ་བཅས་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཕན་ནུས་ལྡན་པའི་མ་དངུལ་འཇོག་ཁྱོན་ཆེ་རུ་གཏོང་བ་དང་མ་དངུལ་གྱི་གཞི་ཁྱོན་ཆེ་རུ་བཏང་ནས་སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་བཅས་ཀྱི་སྟོབས་ཤུགས་ཐུན་མོང་ཐོག་མཉམ་ལས་བྱེད་པའི་སྣ་མང་ཅན་གྱི་མ་དངུལ་བསྡུ་སྒྲིལ་མ་ལག་འཛུགས་པར་ཤུགས་རྒྱག་པ་དང་། ཚོང་འགུགས་མ་འདྲེན་ལས་དོན་གལ་ཆེན་ཨང་དང་པོར་མཐའ་འཁྱོངས་འཛིན་པ། མ་དངུལ་གྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཐོན་ལས་གྲུབ་ཆའི་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་དམིགས་པ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཁག་གཅིག་མགྱོགས་མྱུར་གསོ་སྐྱོང་། མི་རིགས་མཐུན་སྒྲིལ་གཉིས་གཏོད་ཀྱི་ཁེ་ལས་ཚོགས་པ་ཁག་གཅིག་འཛུགས་པ། མི་རིགས་མཐུན་སྒྲིལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཁག་གཅིག་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་ཐིག དཔལ་འབྱོར་ནི་ཁྱོན་བཅས་ཡིན་པ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་ཁྱད་ལྡན་ཐོན་ཁུངས་སྤུས་ལེགས་ཀྱི་ལེགས་ཆ་ཡག་པོ་སྤྱད་དེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་རིག་གནས་ཡུལ་སྐོར་དང་། དྭངས་གཙང་ནུས་རྒྱུ། ལྗང་མདོག་བཟོ་ལས། དེང་རབས་ཞབས་འདེགས། ས་མཐོའི་སྐྱེ་དངོས། མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་དང་ཟོག་འགྲེམས་སོགས་གཙོ་གནད་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། གནས་དང་། ཐིག ཁྱོན་བཅས་ལ་མཉམ་དུ་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་བ། གྲངས་འབོར་དང་། སྤུས་ཚད། ཕན་འབྲས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས“དཔལ་འབྱོར་ཕྱུག་ཀྱང་བསམ་པ་དབུལ་བའི”དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བར་ཤུགས་རྒྱག་དགོས།

    ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”གཏིང་ཟབ་དང་ཞིབ་ཚགས་སྒྲུབ་པ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ། དམངས་འཚོར་ཕན་པ་འདོགས་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་སྔར་བས་མང་བ་སྤྱོད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་དམངས་འཚོའི་གླེང་མང་བའི་གནད་དོན་དང་དཀའ་གནད་ཐག་གཅོད་ནན་ཏན་བྱས་ཏེ་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ་དང་། གནད་དོན་གཞི་རིམ་དུ་ཐག་གཅོད། མི་སེམས་གཞི་རིམ་ནས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ལས་དོན་གཞི་རིམ་དུ་སྤེལ་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྤེལ་ཏེ་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་གཙང་སྒྲུབ། མི་ཚང་མར་དབང་བའི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་ཞིག་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།