“ཟོག་གོང་བརྟན་པོ་ཡོང་བ་བྱེད་དགོས་པའི”སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད།2022ལོའི་ཟླ་12ཚེས་30ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོད་མེད་དང་འཛད་སྤྱོད་དང་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྕགས་རྭ་བློ་བཟང་བསྟན་འཛིན་དང་ཝང་ཡུང་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
ཡན་ཅིན་ཧའེ་དང་བཅས་པ་ལྷ་ས་གྲོང་ཁྱེར་ཚེས་གསུམ་ཐང་དཀྱིལ་ལམ་གྱི་དགུན་དུས་ཚགས་ཤ་དང་ལུག་ཤ་གནས་སྐབས་བྲིན་ཚོང་ཁྲོམ་རར་ཕེབས་ནས་ཁྲོམ་བཀྱག་རེ་རེ་བཞིན་གྱི་ཟོག་ཁུངས་ལ་གཟིགས་པ་དང་། ཟོག་གོང་དང་བྲིན་ཚོང་སྐོར་བཀའ་འདྲི་གནང་བ། ཚོང་དུད་དང་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱིས་གོང་ཁེ་བའི་ཚགས་ཤ་དང་ལུག་ཤ་གནས་སྐབས་བྲིན་ཚོང་ཁྲོམ་ར་བཙུགས་པར་ཁས་ལེན་གནང་བ་རེད།
ཡན་ཅིན་ཧའེ་ཡིས་མཁོ་སྤྲོད་ཀྱི་འགྱུར་ལྡོག་ལ་དམ་པོར་དམིགས་ནས“འབྲུ་རིགས”དང“ཤ་ཚལ་སྒོང་གསུམ”གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་དང་ཐོན་འཚོང་སྦྲེལ་མཐུད་ཡག་པོ་བྱས་ཏེ་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དམངས་ཕན་ཞོགས་ཁྲོམ་དང་དམངས་ཕན་མཚན་ཁྲོམ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚད་བཀག་གི་དུས་ཚོད་ནང་ཕྱི་ཕྱོགས་སུ་གཉེར་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ། ཚོང་དུད་ཚང་མར“རིན་པ་གང་ཡང་བསྡུ་མི་ཆོག་པ”ལག་བསྟར་བྱེད་པ། སྔོ་ཚལ་དང་ཤ་རིགས་སོགས་ཞིང་འབྲོག་ཐོན་རྫས་དུས་ཐུང་ནང་གྲོང་མིའི“ཤ་ཚལ་སྒོང་གསུམ”དང་“ཤ་རིགས”སུ་འགྱུར་བར་བྱས་ཏེ་་ཞིང་འབྲོག་པར་ཡོང་འབབ་རག་ཐབས་བྱེད་ཞོར་དུ་གྲོང་མིར་ཕན་པ་དངོས་ཐོབ་པར་བྱེད་དགོས། ཁྲོམ་ར་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་ཀྱི་འགག་སྒོ་དང་རིན་གོང་གི་འགག་སྒོ་ནན་པོ་བསྲུངས་ནས་བློས་འགེལ་ཆོག་པའི་ཤ་དང་གོང་ཁེ་བའི་ཤ་མཁོ་འདོན་བྱེད་དགོས། བསམ་པ་རྣམ་དག་གིས་ཞབས་འདེགས་ཞུས་ཏེ། གནས་སྐབས་གཉེར་སྐྱོང་བྱེད་རིང་ཞིང་འབྲོག་མང་ཚོགས་འཚོ་སྡོད་བྱེད་ས་དང་ཤ་རིགས་ཉར་ཚགས་བྱེད་ས་ཡོད་པ་བྱས་ནས་སེམས་ནུས་ཡོད་རྒུས་གཉེར་སྐྱོང་བྱེད་རིང་གི་དཀའ་ངལ་ཐག་གཅོད་བྱེད་དགོས། སློབ་གསོ་ཁྲིད་སྟོན་གཏིང་ཟབ་བྱས་ཏེ་བྲིན་ཚོང་ལ་བརྟེན་ནས་ཐོན་སྐྱེད་ལ་སྐུལ་ཁྲིད་བྱེད་པ་དང་། ཁྲོམ་ར་དང་ཞིང་འབྲོག་པའི་མཉམ་ལས་ཁང་མཉམ་འབྲེལ་གྱིས་ཞིང་འབྲོག་པར་ཚན་རིག་དང་མཐུན་པའི་ངང་ནོར་ལུག་བཤས་གཏོང་ཚད་མང་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། མཁོ་སྤྲོད་འགན་ལེན་དང་། ཟོག་གོང་བརྟན་པོ། འཛད་སྤྱོད་ལ་སྐུལ་འདེད། འབབ་འཕར་ཡོང་བ་བཅས་ཀྱི“ཁེ་ཕན་མང་པོ”ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བར་སྐོར་ཁྲོམ་གཞུང་ཐལ་སྤུངས་སྒང་སྡེ་ཁུལ་དུ། ཡན་ཅིན་ཧའེ་དང་བཅས་པས་ད་དུང་ཁྲོམ་གཞུང་དུ་ཚོང་ཁང་གཉེར་སྐྱོང་གི་གནས་ཚུལ་ལ་སྐབས་བསྟུན་བརྟག་ཞིབ་དང་མཁྱེན་རྟོགས་གནང་བ་རེད།