དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-02

    2022ལོའི་ཟླ་12ཚེས་30ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ། དམ་པ་དོན་གཉེར་དང་རང་འགན་ཐེག་པ་འཁུར་ལེན་བཅས་བྱས་ནས། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་ཆབ་སྲིད་ཐད་གོ་ཤེས་ཅན་ཞིག་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི་”བརྟན་དུ་བཏང་སྟེ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་མཁན་ཞིག་བྱས་ནས“སྲུང་སྐྱོང་གཉིས”ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བའི་བྱ་སྤྱོད་ངོ་མའི་ཐོག་དོན་འཁྱོལ་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ལ་སེམས་ནང་གདེང་ཚོད་ཡོད་པ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དགོངས་དོན་གྱི་ཚད་གཞི་དང་ཡང་ཡང་བསྡུར་བ། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ཏང་ལ་བློ་དཀར་སེམས་དཀར་དང་། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ། མི་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགན་འཁྲི་འཁུར་ཕོད་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་རང་འཁྲིའི་ལས་དོན་གྱི་ལག་ལེན་པ་ཞིག་བྱེད་དགོས། བྱས་རྗེས་འཇོག་ཕོད་པ་དང་། འགན་འཁྲི་འཁུར་ཕོད་པ། རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག་བྱེད་པ། གནད་དོན་གསར་པ་ཐག་གཅོད་ཧུར་ཐག་བྱེད་པ། ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་འཛུགས་པ། ཁུར་པོ་ལྕི་ཤོས་འཁུར་བ། དཀའ་ངལ་ཆེ་ཤོས་དང་ལེན་བཅས་བྱས་ནས། དངོས་འཛིན་དངོས་སྒྲུབ་ཁྲོད་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་ལོ་སྒྱུར་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། སྤྱི་ཡོངས་བློ་ལ་འཆང་བ་དང་དུས་བབ་སྟངས་འཛིན་ཐུབ་པ་དང་། མཐོ་སར་ལངས་པ་དང་། རྒྱང་རིང་མཐོང་བ། ཁ་གསལ་རྟོགས་པ། གསལ་པོ་ཤོད་ཐུབ་པ་བཅས་བྱས་ཏེ། ས་ཁུལ་དང་སྡེ་ཚན་གྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་དང་སྐུལ་འདེད་བཏང་སྟེ། ཇུས་འགོད་བྱེད་སྐབས་སྤྱི་ཡོངས་ལ་གཅིག་འདོམས་ཐུབ་པ་དང་བཀོལ་སྤྱོད་བྱེད་སྐབས་ཞིབ་ཚགས་དང་གནད་ལ་འཁེལ་བར་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས། གཏིང་ཟབ་དང་། ཡང་དག མྱུར་པོ་བཅས་ལ་ཤུགས་སྔར་བས་ཆེ་བ་བརྒྱབ་སྟེ། བྱས་པའི་རྗེས་དང་དྲུད་པའི་ཤུལ་ཐོན་པར་བྱས་ནས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་གྲུབ་འབྲས་གསར་པ་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་དམངས་ཕན་སྲི་ཞུ་དང་རང་འགན་གཙང་སྒྲུབ་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྣེ་ཁྲིད་པ་ཞིག་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྡུག་སེམས་ལ་བཞག་སྟེ“དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས། མང་ཚོགས་ལ་འགྱུར་ལྡོག་མཐོང་བ་དང་ཕན་པ་དངོས་འཐོབ་གང་ཐུབ་བྱེད་དགོས། མང་ཚོགས་ཀྱི་ལྟ་བ་མཐའ་འཁྱོངས་དང་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ཉན་པ། མང་ཚོགས་ཀྱི་ལངས་ཕྱོགས་ནས་བསམ་བློ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་རོགས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་མིག་དཔེ་སྟོན་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་སློབ་སྦྱོང་བྱེད་པའི་གོམས་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་དངོས་འབྲེལ་སློབ་སྦྱོང་དང་དངོས་འབྲེལ་ཡིད་ཆེས་བྱེད་རིང་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་པ་དང་། ཐོས་བསམ་མྱོང་རྟོགས་བྱེད་རིང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། དོན་འཁྱོལ་ནན་པོ་བྱེད་རིང་རྒྱུན་ཆད་མེད་པར་རང་ངོས་བློ་སྦྱོང་བྱེད་པ། ཤེས་སྦྱོར་གཅིག་མཐུན་བྱེད་རིང་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ནས་གཞུང་ཞེན་རྣམ་དག་ཐད་མིག་དཔེ་སྟོན་དགོས། སྣེ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ལམ་ནན་པོ་སྲུང་བ་དང་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་སྲུང་བརྩི་དང་སྲུང་སྐྱོང་བྱས་ཏེ། གཞུང་དྲང་ངང་དབང་ཆ་བེད་སྤྱོད་དང་། ཁྲིམས་ལྟར་དབང་ཆ་བེད་སྤྱོད། དམངས་ཀྱི་ཆེད་དུ་དབང་ཆ་བེད་སྤྱོད། སྤྱོད་གཙང་ངང་དབང་ཆ་བེད་སྤྱོད་བཅས་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་བརྩི་དང་། རང་སྐུལ། རང་གཟབ། རང་གཅུན་བཅས་བྱས་ནས་དད་སེམས་ཀྱི་འགོག་སྲུང་འཛིང་རགས་དང་། ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས། སྒྲིག་ཁྲིམས་ཀྱི་འགོག་སྲུང་འཛིང་རགས་བཅས་བརྟན་དུ་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཐབས་ཇུས་ཚན་རིག་དང་མཐུན་ལ་དམངས་གཙོ་ཡིན་པ་དང་། ལག་བསྟར་བློ་ཐག་ཆོད་ལ་ནུས་ལྡན། བྱ་བ་སྒྲུབ་སྐབས་ཁྲིམས་དང་མཐུན་ལ་ཕན་འབྲས་ཆེ་བ་བཅས་ཡོང་བར་བྱེད་དགོས། “མིག་དཔེ་དྲུག”སྣེ་ཁྲིད་ནས་ལག་བསྟར་བྱས་ཏེ་ལམ་ལུགས་བཞིན་འགན་འཁྲི་འཁུར་བ་དང་། དབང་ཆ་བེད་སྤྱོད། ལས་དོན་སྤེལ་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རྩ་འཛུགས་ཀྱིས་གསོ་སྐྱོང་དང་ཡིད་ཆེས་བྱས་པར་དྲིན་ལན་འཇལ་དགོས།

    ལའེ་ཅའོ་དང་ཟླ་བ་ཚེ་རིང་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།