དབུ་ཤོག>སྲིད་དོན།
  • བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-29

    3946912_huangzy_1672243200000_s.jpg

    ཟླ་12ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

    3946910_huangzy_1672243200000_s.jpg

    ཟླ་12ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

     ཟླ་12ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྟེ་2022ལོའི་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་བ་མ་ཟད། 2023ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་དུ་གཏོང་བ་

    དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་དང་། ཀྲོང་ཡན། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཞུགས་པ་དང་། ཡན་ཅིན་ཧའེ་ཡིས་2023ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། 2023ལོའི་དཔལ་འབྱོར་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་སྟེ། ང་ཚོས་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཆེད་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

    ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་རྡབ་རྡེབ་ལ་ཁ་གཏད་ཧུར་ཐག་བཅག་ནས། “འཛུགས་གཏོད་བཞི”ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། རྣམ་གྲངས་གལ་ཆེན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ། དམངས་འཚོ་འགན་ལེན་ཏན་ཏིག་ནུས་ལྡན་བྱུང་བ། སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱུང་བ། མཐའ་སྟོབས་མཐའ་བརྟན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ། སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་བྱུང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་ཐུབ་ཅིང་ཕན་འབྲས་ཐོན་པ། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ནུས་ཤུགས་ཡོད་རྒུས་ཆུང་དུ་བཏང་བ་བཅས་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཐད“དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་དང་། འཛད་སྤྱོད་རིན་གོང་བརྟན་པོ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་བརྟན་པོ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ། སྤྱི་ཚོགས་ཀྱི་དུས་བབ་བརྟན་པོ”བཅས་དང“ཀྲུང་དབྱང་གི་མ་དངུལ་འཕར་བ་དང་། གྲོང་མིའི་ཡོང་འབབ་འཕར་བ། ནོར་སྲིད་ཀྱི་གཏོང་སྒོ་འཕར་བ། དམངས་འཚོའི་གཏོང་ཆ་འཕར་བ། ལེགས་ཆའི་ཐོན་ལས་འཕར་བ”བཅས་ཀྱི“བརྟན་པོ་ལྔ་དང་འཕར་བ་ལྔའི”རྣམ་པ་བཟང་པོ་ཐོན་ཡོད།

    ཚོགས་འདུའི་ཐོག་བསྟན་དོན། 2023ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ཞབས་ཞུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་ལེགས་པོས་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་དེ་བས་ལེགས་པོས་སྤྱི་འདོམས། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་གདེང་ཚོད་ཆེ་རུ་གཏོང་བ། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཀྱི་ལས་དོན་གཙོ་གནད་དུ་ཡག་པོ་སྒྲུབ་པ། གསོག་ཐེབས་ཕན་སྒྱུར་དང་། འཕེལ་འབོར་ནང་འདྲེན། སྤུས་ཚད་མཐོར་གཏོང་། སྤྱི་འབོར་མང་གཏོང་བཅས་བྱེད་པ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་རྨང་གཞི་བརྟན་པོ་འདིང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱས་ཏེ་རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་ནུས་པ། མང་ཚོགས་ཀྱི་རེ་སྒུག འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ལ་དམིགས་ནས་སྲིད་ཇུས་དང་། ཐོན་ཁུངས། སྐྱེ་ཁམས། བོད་སྐྱོར་སོགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་དཔལ་འབྱོར་འཁོར་རྒྱུག་འགོག་མེད་ཤར་བགྲོད་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་དང་མཉམ་འདྲེས་ཧུར་ཐག་ཐུབ་པར་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་བརྟན་པོ་གཙོ་བོར་འཛིན་པ་དང་། བརྟན་ཐོག་ཡར་བརྩོན། ཡར་བརྩོན་བྱེད་རིང་དེ་བས་བརྟན་པོ་ཡོང་བ་བཅས་བྱས་ཏེ་རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་སྐྱོད་པར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་སུ“ཨང་དང་པོའི”རྣམ་པ་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་དགོས། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་སྤྱི་འདོམས་སྐུལ་འདེད་མཐའ་འཁྱོངས་བཏང་ནས་འགལ་ཟླ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་མཁས་པོ་དང་། གཙོ་གནད་ས་ཁུལ་དང་འགག་རྩའི་ཁྱབ་ཁོངས་འགག་སྒྲོལ་ཐུབ་པ། ཕྱོགས་བསྡུས་དངོས་ཤུགས་དང་འཕེལ་རྒྱས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བཅས་མངོན་འགྱུར་ཧུར་ཐག་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2023ལོའི་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པར། གཙོ་གནད་རྣམ་གྲངས་མགྱོགས་པོ་བསྐྲུན་ནས་མ་དངུལ་གྱི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། སང་ལོ་མ་དངུལ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལོར་བརྩིས་ནས། ཚོང་འགུགས་རྣམ་གྲངས་ཐད་འཆར་འགོད་ལ་དམ་འཛིན་དང་། དུས་འགོའི་རྣམ་གྲངས་ཐད་ལས་འགོ་འཛུགས་པར་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཐད་མྱུར་ཚད་ལ་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་ཐད་ཐོན་སྐྱེད་བྱེད་འགོ་ཚུགས་པར་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་ཐད་བཅོས་སྒྲིག་ལ་དམ་འཛིན། ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས་ཐད་ཕན་འབྲས་ལ་དམ་འཛིན་བཅས་མཐའ་འཁྱོངས་བྱེད་དགོས། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་དང་། རྒྱལ་ཁབ་ཀྱི་མ་དངུལ་འཕེལ་ཕྱོགས་ལ་སྟངས་འཛིན་ཡང་དག མཉམ་དུ་ཞིབ་བཤེར་དང་ཆོག་མཆན་འགོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱུ་རྐྱེན་གཙོ་བོ་རྣམ་གྲངས་ཀྱི་རྗེས་སུ་སྙེག་ཐུབ་པར་བྱེད་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་སྔོན་ལ་ལག་ལེན་བསྟར་བའི་འཐབ་ཇུས་མཐའ་འཁྱོངས་བྱས་ནས་འགྲིམ་འགྲུལ་དང་ཆུ་བེད་ནུས་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་གསར་པ་སོགས་གཙོ་གནད་ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ཐད་རྣམ་གྲངས་གཅིག་དང་། ཚན་ཁག་ཆ་ཚང་གཅིག མཐའ་གཅིག་ཏུ་དམ་འཛིན་བཅས་བྱེད་པ་དང་། མཐུན་སྦྱོར་སྐུལ་འདེད་གཏོང་བའི་ཐད་འགོ་ཁྲིད་ཀྱིས་འགན་གཙང་ལེན་པ་དང་། ཆེད་དོན་ཚན་ཁག་གིས་ཞབས་འདེགས་ཞུ་བ། གསལ་ཐོ་ཅན་གྱི་བཀོད་གཏོང་བཅས་བྱེད་པ། རྣམ་གྲངས་འཁོར་སྐྱོད་ཐད་ཁག་གཅིག་སྐྲུན་པ་དང་། ཁག་གཅིག་གོང་ཞུ། ཁག་གཅིག་ཇུས་འགོད་བཅས་བྱེད་དགོས།

    གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་ནས་ཐོན་ལས་ཀྱི་སྤུས་འབོར་གཉིས་ལྡན་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་འཕེལ་རྒྱས་གཏོང་བའི་རོགས་སྐྱོར་མ་དངུལ་བསྡུ་སྒྲིལ་བྱས་ཏེ། ལྗང་མདོག་བཟོ་ལས་འཕེལ་རྒྱས་དང་། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད། ཞིང་འབྲོག་ལས་སྤུས་འབོར་གཉིས་ལྡན། ཡུལ་སྐོར་ལས་རིགས་སླར་གསོ་བཅས་ཀྱི“འགག་སྒྲོལ་དམག་འཐབ་ཆེན་པོ་བཞི”ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་དགོས། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལག་རྩལ་དང་ས་མཐོའི་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་ནུས་ལྡན་མཐའ་འཁྱོངས་བྱེད་པ། “ལྗོངས་ཕྱིའི་ལག་རྩལ+ལྗོངས་ནང་ཁུལ་གྱི་ཁྲོམ་ར”དང“ལྗོངས་ཕྱིའི་ཁྲོམ་ར+ལྗོངས་ནང་ཁུལ་གྱི་ཐོན་ཁུངས”སོགས་ཀྱི་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་ས་མཐོའི་ཐབ་ཆས་གསར་བཟོ་དང་། ས་མཐོའི་གསོ་རླུང་དང་བདེ་ཐང་ཐོན་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་བཅས་འཕེལ་རྒྱས་བཏང་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ཡང་བའི་བཟོ་ལས་ཐོན་ལས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་། ཡོངས་སྤྱོད་མཁའ་འགྲུལ་དང་། ནུས་རྒྱུ་གཙང་མ། མཐོ་གསར་གྲངས་འཛིན་ཐོན་ལས་བཅས་འཕེལ་རྒྱས་མགྱོགས་སུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་དགོས། གྲོང་ཁུལ་ལེགས་སུ་གཏོང་བ་དང་། རྫོང་ཁོངས་སྟོབས་ཆེར་གཏོང་བ། གྲོང་རྡལ་ཆུང་ངུ་སྐྱེད་སྲིང་། གླིང་ཁུལ་ལེགས་སུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བ་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གླིང་ཁུལ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས།

    ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། ཚོང་འགུགས་མ་འདྲེན“འདུ་འགོད་ཨང་དང་པོར”བརྩིས་ཏེ་དམ་འཛིན་བྱས་ནས། དམིགས་ཚད་ཐད་མཐའ་ཚད་བཟོ་བ་ལས་ཚད་བཀག་མི་བཟོ་བ་དང་། བླང་བྱའི་ཐད་ཆེ་འགུགས་དྲག་འདྲེན་དང་འགྲན་ཞུགས་སྤུས་ཚད་མཐོ་རུ་གཏོང་བ། རྣམ་གྲངས་དང་། ཐོན་ལས། གླིང་ཁུལ། བོད་སྐྱོར་བཅས་ཀྱི་ཚོང་འགུགས་མངོན་པ། བོད་ལ་འཚམ་པའི་ཐོན་ལས་དངོས་འབྲེལ་ནང་འདྲེན། ས་མཐོར་གཞི་ཚུགས་འདོད་པའི་ཕུལ་བྱུང་ཁེ་ལས་ནང་འདྲེན་བཅས་བྱས་ཏེ་སྲིད་གཞུང་གི་མ་དངུལ་དང་སྲིད་ཇུས་ཀྱི་ལྕག་སྐུལ་ལ་བརྟེན་ནས་སྤྱི་ཚོགས་ཧྲིལ་པོའི་མ་དངུལ་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པར་བྱེད་དགོས། ཚོང་འགུགས་མ་འདྲེན་ལས་དོན་གྱི་སྐུལ་སྤེལ་ཚོགས་ཆེན་གྲ་སྒྲིག་ནན་ཏན་བྱས་ནས་རང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

    དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་ནས་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཏན་ཏིག་གཏོང་དགོས། ལས་ཞུགས་ལས་གཏོད་ཐད་འཕར་ཚད་རྒྱ་ཆེར་གཏོང་བ་དང་། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ཀྱི་ཐ་སྐྱོང་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སློབ་གསོའི་བྱ་གཞག་ཐད་སྤུས་མཐོ་ལེགས་སྐྱོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐོ་འབྲིང་དཀྱུས་མ་ས་གནས་གཞན་དུ་སློབ་གཉེར་བྱེད་པའི་གཞི་ཁྱོན་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། བདེ་ཐང་བོད་ལྗོངས་ཐད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་གཤམ་སྤེལ་དང་ས་ཁོངས་དོ་སྙོམས་ཀྱི་བཀོད་པར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་ས་མཐོའི་ནད་ཀྱི་གསོ་རིག་ལྟེ་གནས་མགྱོགས་པོ་སྐྲུན་དགོས། རིག་གནས་བྱ་གཞག་ཐད་དམངས་ལ་ཕན་པ་དང་མི་སེམས་ལ་སྐུལ་མ་ཐེབས་པར་བྱས་ནས། རིག་གནས་སྟོབས་ཆེའི་ལྗོངས་མགྱོགས་པོ་བསྐྲུན་ཏེ་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་སྐོང་དགོས། སྡོད་ཁང་འགན་སྲུང་ཐད་བསྐྱར་སྐྲུན་རྒྱས་སྐྲུན་གལ་ཆེ་མཉམ་འཛིན་གྱིས་གྲོང་ཁུལ་རྙིང་པ་དང་། ཁུལ་ཆུང་རྙིང་པ། སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་ལ་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འགན་སྲུང་ཐད་ཚད་གཞི་མཐོ་རུ་དང་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་སྣ་ཚོགས་བརྟན་པོའི་ངང་མཐོ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཐད་ཉེན་བརྡ་རྒྱུན་སྒྲོག་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

    སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ཞིང་ལས་གྲོང་གསེབ་དང་གཞུང་ཁོངས་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། རང་སྐྱོང་ལྗོངས་ཀྱིས་རྫོང་གི་ནོར་སྲིད་ལ་ཐད་ཀར་དོ་དམ་བྱེད་པའི་ཚོད་ལྟའི་སྒྱུར་བཅོས་ལ་དམ་འཛིན་ཡག་པོ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། བོད་ལྗོངས་འགྲེམས་ཚོགས་དང་། གླིང་ཁུལ། འགག་སྒོ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་སོགས་ཀྱི་སྟེགས་བུ་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་དང་མཉམ་འདྲེས་བྱེད་པར་གོམ་སྟབས་གསར་པ་སྤོ་དགོས།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་སྐྱོང་དང་ལྷ་སའི་ལྷོ་རི་བྱང་རི་དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་སྔོ་ལྗང་ཅན་ལ་གཙོ་གནད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་། སྤྱི་ཚོགས། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་གཅིག་གྱུར་ནུས་ལྡན་བྱེད་དགོས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་བཀོད་པ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ནས། ཐོན་སྐྱེད་བར་མཐོངས་ལེགས་བསྡུས་ཞིབ་གཉེར་དང་ཕན་ཆེ་དང་། འཚོ་བའི་བར་མཐོངས་སྡོད་མལ་དང་འཚམ་པ། སྐྱེ་ཁམས་བར་མཐོངས་རི་སྔོན་ཆུ་དྭངས་བཅས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ནན་པོར་བསྲུངས་ནས། “མཐོ་བ་གཉིས་དང་དམའ་བ་གཅིག”གི་ཁེ་ལས་དང་རྣམ་གྲངས་ལ་ཞིབ་མཆན་འགོད་མི་ཆོག་ལ་ནང་འདྲེན་ཡང་བྱ་མི་ཆོག

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དཔལ་འབྱོར་གྱི་ལས་དོན་ལ་ཞིབ་ལྟ་མཐའ་འཁྱོངས་བྱས་ནས་རང་རྟོགས་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་དུ་བཞག་སྟེ། བསམ་གཞིག་ཞིབ་འཇུག་དང་འཆར་འགོད་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་དཔལ་འབྱོར་གྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ། དཔྱད་ཞིབ་ཀྱི་བཀོད་འདོམས་བྱེད་ཐབས་ཡག་པོ་སྤྱོད་པ། བྱ་དགའ་ཆད་གཅོད་ཁ་གསལ་བཟོ་བ། དངོས་འཛིན་དངོས་སྒྲུབ་ཀྱི་སྟོན་ཕྱོགས་འཛུགས་པ། སྤྱི་ཚོགས་ཡོངས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ལས་བྱེད་པས་སྒྲུབ་ཕོད་པ་དང་། ས་གནས་ཀྱིས་སྒྲུབ་ཕོད་པ། ཁེ་ལས་ཀྱིས་སྒྲུབ་ཕོད་པ། མང་ཚོགས་ཀྱིས་གསར་གཏོད་བྱེད་ཕོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམས་འགོག་སྲིད་ཇུས་རིམ་བཞིན་བཟང་སྒྲིག་ལེགས་སྒྲིག་དང་ངར་སྐུལ་སྲིད་ཇུས་གསར་པས་བསྐྲུན་པའི་གོ་སྐབས་ལ་དམ་འཛིན་ཏན་ཏིག་བྱས་ནས། མ་དངུལ་བརྟན་པོ་དང་། འཛད་སྤྱོད་ལ་སྐུལ་འདེད། བཀོད་པ་ལེགས་པ། ཐོན་ལས་དར་བ། གསར་གཏོད་ཕོད་པ། དམངས་འཚོར་ཕན་འདོགས་པ། སྐྱེ་ཁམས་འགན་ལེན། མཐའ་མཚམས་སྟོབས་ཆེན། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པ་དང་། ལས་འགན་ཁག་བགོས་དང་། གསལ་ཐོ་དོ་དམ། དུས་བཀག་བཀོད་གཏོང་། རྗེས་སྙེག་ལྟ་ཞིབ། དཔྱད་དཔོག་ཕན་འདྲི། ལེགས་པར་བྱ་དགའ་དང་ཞན་པར་ཆད་གཅོད་སོགས་ཀྱི་ལམ་སྲོལ་ནན་དུ་བཏང་སྟེ་དཔལ་འབྱོར་འཁོར་རྒྱུག་གི་སྤུས་ཚད་མཐོ་རུ་ནུས་ལྡན་འགྲོ་བ་དང་གྲངས་འབོར་ལུགས་མཐུན་འཕར་རྒྱུར་སྐུལ་འདེད་གཏོང་དགོས། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས། ཞི་མཐུན་བརྟན་ལྷིང་འགན་ལེན་དང་། བདེ་འཇགས་འགོག་ཟོན་ལ་དམ་འཛིན་ཡག་པོ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གཙང་བཤེར་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ། དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་དམངས་འཚོ་འགན་ལེན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་སེར་ཚོར་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པ་དང་དགའ་སྤྲོའི་ངང་དུས་ཆེན་གཏོང་དུ་འཇུག་དགོས།

    ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་ནས་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ས་ཁུལ་དང་གྲོང་ཁྱེར་བདུན་དང་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་རེད། ས་ཁུལ་གྲོང་ཁྱེར་དང་རྫོང་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།