དབུ་ཤོག>སྲིད་དོན།
  • ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་མཐའ་འཁྱོངས་བྱས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-28

    3939350_huangzy_1672156800000_s.jpg

    ཟླ་12ཚེས་26ཉིན་གྱི་སྔ་དྲོ། 2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཞིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མིར་གཟེངས་བསྟོད་གནང་བཞིན་པ།

    3939352_huangzy_1672156800000_s.jpg

    ཟླ་12ཚེས་26ཉིན་གྱི་སྔ་དྲོ། 2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་26ཉིན་གྱི་སྔ་དྲོ། 2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་སྔར་བས་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་དང་འབྲེལ་བའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཏན་ཏིག ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་མཐའ་འཁྱོངས་བཅས་བྱས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཚོགས་འདུར་རྟེན་འབྲེལ་གློག་འཕྲིན་བཏང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ཡོད་པ་རེད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་གྱི་འཐབ་ཕྱོགས་སུ་འབད་འཐབ་བྱེད་མཁན་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཡུན་རིང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཕྱོགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ཀྱི་ལས་འགན་དུ་བརྩིས་ཏེ་དམ་འཛིན་བྱེད་པ་དང་། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འཐབ་ཇུས་བཀོད་སྒྲིག་ཧུར་ཐག་བྱེད་པ། དུས་རབས་གསར་པར་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཟོས་པ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་པར་བརྟེན་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་གདེང་ཚོད་དེ་བས་བརྟན་དུ་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བློ་སྟོབས་དེ་བས་བརྟན་དུ་ཕྱིན་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱི་འདོམས་སུ་བྱས་ནས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་དབར་གྱི་འབྲེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་དབར་གྱི་འབྲེལ་བ། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་དབར་གྱི་འབྲེལ་བ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་འབྲེལ་བ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ནས། དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”གཏིང་ཟབ་དང་ཞིབ་ཚགས་ངང་ལག་ལེན་བསྟར་བ། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཁག་གཅིག་སྐྱེད་སྲིང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་གཉིས་གཏོད་ཁེ་ལས་ཚོམ་བུ་ཁག་གཅིག་གཏོད་པ། མི་རིགས་མཐུན་སྒྲིལ་གྱི་ཁྱད་ལྡན་རིག་གནས་ཐོན་ལས་ཁག་གཅིག་འཕེལ་རྒྱས་གཏོང་བ་བཅས་བྱེད་པ། མི་རིགས་ཁག་གི་མི་དམངས་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྐྲུན་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད། མི་རིགས་མཐུན་སྒྲིལ་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་རྩ་བ་བརྟན་དུ་གཏོང་བ་དང་། བོད་དུ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་དང་། གནའ་རྫས་རྟོག་ཞིབ་དངོས་རྫས། རིག་གནས་ཤུལ་བཞག་བཅས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་འཕེལ་གཏོང་བའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཧུར་ཐག་གཏོང་བ། ཀྲུང་ཧྭའི་རིག་གནས་དེ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་སེམས་ཀྱི་བརྟེན་སར་འགྱུར་བར་བྱེད་པ། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས། སྤྱི་ཚོགས་ཡོངས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲང་ནུས་བརྒྱུད་སྤྲོད་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་རྣམ་པ་བཟང་པོ་གཏོད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྤེལ་རེས་བྱེད་ཟབ་ཏུ་གཏོང་བ། གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་པ། དཔེ་མཚོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་བ། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་གཞི་རྟེན་ནུས་ལྡན་གཏོད་དགོས། ཁྲིམས་ལྟར་མི་རིགས་ལས་དོན་ལ་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་ལས་དོན་གྱི་ས་གནས་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། བློ་བརྟན་འགྱུར་མེད་ངང་བཅའ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་འགན་ལེན་དང་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། “མི་རིགས་ལས་དོན་སྒྲུབ་ཤེས་མིན་དང་། མི་རིགས་མཐུན་སྒྲིལ་བྱེད་ཐུབ་མིན”དེ་འགོ་ཁྲིད་ལས་བྱེད་པར་རྟོག་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་བ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བཅས་བྱས་ཏེ། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་གསལ་པོ་དང་། ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་ཤིན་ཏུ་བརྟན་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་བྱ་སྤྱོད་ཤིན་ཏུ་འཕྲལ་ཐག་ཆོད་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་གྱི་བརྩེ་སེམས་ཤིན་ཏུ་ཟབ་མོ་བཅས་ཡོད་པའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་མཁན། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱེད་མཁན། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ་མཁན་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་ཧུར་ཐག་སྐྲུན་དགོས།

    ཚོགས་འདུའི་ཐོག་དཔེ་བཟང་མཉམ་སྡེབ་150དང་དཔེ་བཟང་མི་སྒེར་200ལ་གཟེངས་བསྟོད་བྱས་ཤིང་། དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་ཀྲོའུ་ཡན་ཝུན་དང་ལི་ཧྲུའུ་སེན་དང་། དཔེ་བཟང་མི་སྒེར་གྱི་འཐུས་མི་ལི་ཞི་ཅུན་དང་། མའེ་ཝུའུ། ཡོན་ཧའོ་ཅེ། ཡཱ་ཤཱ་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་ནས་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན། གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མི་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།