ཚེས་22ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའུ་ཡི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། རྟེན་འབྲེལ་གློག་འཕྲིན་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་བླང་བྱ་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། གྲོལ་མ་ཐག་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་སུ་ཏང་ཀྲུང་དབྱང་གིས་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་སྤྱི་ཡོངས་གཅིག་འདོམས་དང་། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས། ང་ཚོས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲུབ་འབྲས་གལ་ཆེན་དང་རྩ་ཆེའི་ཉམས་མྱོང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། དུས་བབ་ཀྱི་བརྡར་གཅོད་དང་འཕེལ་རྒྱས་ཀྱི་དམིགས་ཚད་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། བོད་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་དང་། ཆ་རྐྱེན། དགོས་མཁོ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་དམིགས་ཚད་ཧུར་ཐག་སྒྲུབ་ཐུབ་པ་དང་འཕེལ་རྒྱས་ཀྱི་སྔོན་དཔག་ཡག་པོ་དང་བརྟན་པོ་ཡོང་བ་བྱེད་དགོས། སྤྱི་ཡོངས་ཀྱི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པ་དང་། ཕན་འབྲས་ཆེ་བའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་སྤྱི་འདོམས་བྱས་ནས། ནུས་ཤུགས་ཡོད་རྒུས་བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་བརྟན་པོ་ཡོང་བ། ཟོག་གོང་བརྟན་པོ་ཡོང་བ་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་གལ་ཆེན་དང་གཙོ་གནད་ལས་འགན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སྤྱི་ཚོགས་ཀྱི་བསམ་པའི་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་ནས་འགོ་བཙུགས་ཏེ་སྲིད་གཞུང་གི་ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སང་ལོའི་དཔལ་འབྱོར་ལས་དོན་གྱི་བྱེད་ཐབས་གསར་པ་དང་། སྲིད་ཇུས་གསར་པ། དམ་འཛིན་བྱ་གཞི་གསར་པ་བཅས་ཇུས་འགོད་ཡག་པོ་བྱེད་དགོས། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གལ་ཆེན་གྱི་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། དངོས་སྒྲུབ་ལ་བརྟེན་ནས་བྱས་རྗེས་གསར་པ་མངོན་པ་དང་རྒྱུགས་ལན་གསར་པ་འབུལ་དགོས། ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་དང་སྦྲེལ་མཐུད་བྱེད་པ་དང་། ཚད་གཞི་མཐོ་པོས་མཐའ་མཚམས་འགག་སྒོ་བཙུགས་ཏེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གཏོད་དགོས། ཚན་རྩལ་གསར་གཏོད་བེད་སྤྱོད་ལ་དམ་འཛིན་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་ཞུ་དང་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་མཐོར་སྤྱོད་རྒྱུར་འཚམ་པའི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་བྱས་ཏེ། སྤྱོད་གོ་ཆོད་པའི་ལག་རྩལ་གཞན་སྒྱུར་རྣམ་གྲངས་ཁག་གཅིག་འཆར་གཞི་ཡོད་པའི་ངང་ལག་བསྟར་བྱེད་དགོས། ནུས་རྒྱུ་གཙང་མ་གསར་སྤེལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། ཆུ་འོད་རླུང་གསུམ་དང་ཚ་ཤུགས་བཅས་ནུས་རྒྱུ་མང་པོ་གསབ་རེས་དང་གློག་ཁུངས་དང་། གློག་དྲ། ཐེག་ཚད། གསོག་ནུས་བཅས་གཞི་གཅིག་ཅན་གྱི་གསར་སྤེལ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་པར་ཤུགས་རྒྱག་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། ལྷ་མོ་དང་། གླིང་སྒྲུང། བོད་ལུགས་གསོ་རིག་དང་བོད་སྨན་སོགས་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཚོགས་འདུའི་ཐོག《སྲིད་གཞུང་གི་ལས་དོན་སྙན་སྒྲོན(གྲོས་བསྡུར་མ་ཟིན)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ(ཞིབ་བཤེར་ལ་འབུལ་རྒྱུའི་མ་ཟིན)》《བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2023ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ(ཞིབ་བཤེར་ལ་འབུལ་རྒྱུའི་མ་ཟིན)》བཅས་ཀྱི་འཆར་ཟིན་བཀོད་ཚུལ་གྱི་སྙན་ཞུ་གསན་པ་རེད། ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། དགོངས་གཞི“བརྟན་པོ”དང་། ནང་དོན“དྲང་པོ” བྱ་ཐབས“གསར་པ”བཅས་མཐའ་འཁྱོངས་ཀྱིས་གནད་སྨིན་གསལ་བཤད་དང་། གསོན་ཉམས་ལྡན་པ། བསམ་འཆར་བསྡུ་ལེན་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཚོད་བགམ་ཐེག་ཐུབ་པར་བྱེད་དགོས།