དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-19

    ཚེས་16ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་2023ལོའི་བོད་ཆུ་ཡོས་ལོའི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། མཚན་ཚོགས་ཀྱི་གྲ་སྒྲིག་ལས་དོན་སྤེལ་ཚུལ་གསན་པ་དང་། མཚན་ཚོགས་ཀྱི་ཇུས་འགོད་ཇུས་གཞི་དང་། ལེ་ཚན་གསལ་ཐོ། འགྲོ་གྲོན་སྔོན་རྩིས་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། 2023ལོའི་བོད་ཆུ་ཡོས་ལོའི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་རང་ལྗོངས་ཀྱིས་གཉེར་བའི་རིག་རྩལ་མཚན་ཚོགས་གལ་ཆེན་དང་པོ་དེ་རེད། གདམ་གཞི་དང་། ཇུས་འགོད། སྒྲིག་འགོད་བཅས་ཡིན་ནའང་འདྲ། ཡང་ན་ནང་དོན་གསར་རྩོམ་དང་ལེ་ཚན་མངོན་ཚུལ་སོགས་གང་ཞིག་ཡིན་རུང་། ཚང་མར་ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་གཙོ་རྐང་ཁྱབ་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་པོར་དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”སོགས་བརྗོད་དོན་གཙོ་བོར་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱེད་པའི་ཡིད་ཆེས་བརྟན་པོ་དང་ལག་ལེན་ཧུར་ཐག་བྱེད་པ་གང་ལེགས་མངོན་པར་བྱེད་དགོས་ཅེས་གསུངས་པ་རེད།

    དབང་ཧའེ་ཀྲོའུ་ཡིས། བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ནི་ལོ་རྙིང་སྐྱེལ་བ་དང་ལོ་གསར་བསུ་བའི་མཚམས་སུ་འཚོག་པའི་ལོ་གསར་གྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ལོ་གསར་དང་དུས་ཆེན་གཏོང་སྐབས་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་ལ། ཕྱི་ཕྱོགས་སུ་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད། སྤུས་དག་གཏོད་པར་སྣང་ཆེན་བྱས་ཏེ་བསམ་བློའི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་བཅས་གཅིག་གྱུར་མཐའ་འཁྱོངས་ཀྱིས། ནང་དོན་འདེམས་པ་དང་། ལེ་ཚན་སྒྲིག་འགོད། བྱ་ཐབས་གསར་གཏོད་སོགས་ཀྱི་ཐད་ཤུགས་བརྒྱབ་ནས། མཐུན་སྒྲིལ་ཆེན་པོ་དང་མཉམ་སྤྲོའི་དུས་ཆེན་གྱི་རྣམ་པ་ཞིག་བཏོད་དེ། མཚན་ཚོགས་དེ་སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་རིག་རྩལ་བརྩམས་ཆོས་རྩེ་གྲ་ཞིག་ཏུ་གཏོད་པའི་བརྩོན་ལེན་བྱེད་དགོས། གཙོ་གནད་ལས་དོན་ལ་དམིགས་ནས། སྤྱི་འདོམས་མཐུན་སྦྱོར་ལ་ཤུཌ་སྣོན་བརྒྱབ་སྟེ། ཆབ་སྲིད་དང་། སྤུས་ཚད། ཞིབ་བཤེར། བདེ་འཇགས་བཅས་ཀྱི་འགག་སྒོ་མཐའ་གཅིག་ཏུ་ཡག་པོ་བསྲུངས་ནས། གྲ་སྒྲིག་ལས་དོན་ཁག་བདེ་འཇགས་དང་། གོ་རིམ་ལྡན་པ། ཏན་ཏིག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།