དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་ཉིང་ཁྲི་གྲོང་ཁྱེར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-16

     ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་12ཉིན་ནས་ཚེས་14ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ཉིང་ཁྲི་གྲོང་ཁྱེར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་ཆབས་ཅིག དཔལ་འབྱོར་གསར་སྤེལ་ཁུལ་དང་། བྲག་ཡིབ་ཆུས། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་བཅས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་གི་ཨར་སྐྲུན་བྱ་ཡུལ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས། ཚ་རྒྱས་སྒོ་བསྟེན་སྨན་ཁང་སོགས་སུ་ཕེབས་ཏེ་དགུན་དུས་ལས་མཚམས་འཇོག་མི་དགོས་པའི་རྣམ་གྲངས་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། མཐའ་བརྟན་མཐའ་དར་དམངས་ཕྱུག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་གསར་པ་ཁག་བཅུ་ལག་བསྟར་དོན་འཁྱོལ་སོགས་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་དང་འབྲེལ་གཏུག་བྱ་ཡུལ་གྱི་རྗེས་ཐོན་ཀྲི་པུའི་ཏང་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ཉི་མ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

    ཁྲེན་ཡུང་ཆིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་ངེས་པ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་སྒྲིལ་སེམས་སྐྱེད་བཅས་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་ཁྲིད་སྟོན། ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་མཐའ་འཁྱོངས་བྱས་ནས“མཐའ་འཁྱོངས་ལྔའི”རྩ་དོན་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་འགན་ལེན་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ཆེ་དང་། དོན་ཚན་གསར་པ་བཅུ་ཆད་ལུས་མེད་པར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། དུས་ཐོག་ཏུ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལེགས་སུ་གཏོང་བ། སྒོ་རྩར་ཞབས་འདེགས་ཞུ་བར་སྐྱོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཏོག་གསར་རིམས་འགོག་སྨན་ཁབ་དང་ལྷག་པར་དུ་རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་མགྱོགས་སུ་གཏོང་བ་དང་། ནད་བཅོས་དམིགས་འཛུགས་སྨན་ཁང་དང་ནད་ཁྲི་སོགས་སྨན་བཅོས་ཐོན་ཁུངས་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་ནས་ཚ་རྒྱས་སྒོ་བསྟེན་སྨན་ཁང་བཀོད་སྒྲིག་བྱེད་དགོས་རིགས་བཀོད་སྒྲིག་དང་རིམ་དབྱེའི་སྨན་བཅོས་ལམ་ལུགས་དོན་འཁྱོལ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་གང་ཐུབ་བྱེད་པ་དང་། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གང་ཐུབ་གཏོང་དགོས། རང་སྐྱོང་ལྗོངས་ཀྱི“མཐའ་མའི་གདོང་མཆོང་ཟླ་བ་གཉིས་དང་ཐག་གཅོད་དམག་འཐབ་ཉིན་60”ཡི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། དགུན་དུས་ལས་མཚམས་མི་འཇོག་པ་དང་། རིམས་ནད་རྗེས་ཀྱི་ལས་འགོ་བསྐྱར་ཚུགས། ལོ་མཇུག་གོང་ལས་འགོ་འཛུགས་དགོས་པ་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ཏེ་ངོ་ཡོད་ལས་འབོར་དེ་བས་མང་བ་ཞིག་ཆགས་པར་བྱས་ནས་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།