ཚེས་14ཉིན་རང་ལྗོངས་ཀྱིས་2019ལོ་ནས་2021ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ལྕགས་ལམ་ལམ་སྐྱོང་མཉམ་འགོག་ལས་དོན་གྱི་བརྙན་ལམ་གཟེངས་བསྟོད་ཚོགས་འདུ་འཚོགས་ནས། ལྕགས་ལམ་ལམ་སྐྱོང་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་སྔོན་ཐོན་གྲོང་ཁྱེར་དང་། རྫོང(ཆུས) སྔོན་ཐོན་མཉམ་སྡེབ། མི་སྒེར་བཅས་ལ་གཟེངས་བསྟོད་བྱས་པ་དང་འབྲེལ། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་ལྕགས་ལམ་ལམ་སྐྱོང་མཉམ་འགོག་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལིའུ་ཅང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལིའུ་ཙེ་ཧུང་དང་ཧྥང་ཧུང་ཤའོ་ཚོགས་འདུར་ཞུགས་པ་རེད།
ལིའུ་ཅང་གིས། ལམ་སྐྱོང་མཉམ་འགོག་ལས་དོན་ནི་སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལམ་སྐྱོང་མཉམ་འགོག་འཐབ་ཕྱོགས་ནི་སྲིད་ཁྲིམས་དཔུང་ཁག་གི་སྟོབས་ཤུགས་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ལྕགས་ལམ་ལམ་སྐྱོང་མཉམ་འགོག་རྩ་འཛུགས་དང་རྒྱ་ཆེའི་ཆེད་བསྐོས་ལམ་སྐྱོང་རུ་མི་ཚོས“ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད། དམག་ཧྲག་གིས་ལྷག་བསམ་རྣམ་དག་ངང་བླ་སྲོག་གཏོད”ཅེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་སློབ་སྦྱོང་ཆེན་པོ་དང་། གྲོས་བསྡུར་ཆེན་པོ། དྲིལ་བསྒྲགས་ཆེན་པོ་གསུམ་སྒྲིག་འཛུགས་ཡག་པོ་བྱས་ཏེ་ལམ་གཅེས་ལམ་སྐྱོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། “སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱེད། རྒྱང་ལམ་གསར་པར་གཡས་གཞོགས་གཡོན་འདེཌ་བྱེད”ཅེས་པའི་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ་དང་། ཆ་འཕྲིན་ཅན་དང་ལམ་སྐྱོང་མཉམ་འགོག་གི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ལམ་གཅེས་ལམ་སྐྱོང་གི་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྕགས་ལམ་ལམ་སྐྱོང་མཉམ་འགོག་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དཔུང་ཁག་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ས་མཐོའི་ལམ་སྲུང་དམག་ཧྲག་ཧུར་ཐག་གཏོད་པ། ལྕགས་ལམ་བདེ་འཇགས་ཤར་གཏོང་ཐུབ་པའི་བྱ་སྤྱོད་དངོས་འགན་ལེན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།