ཚེས་9ཉིན། ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྡོམ་དོ་དམ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》སློབ་སྦྱོང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་པ་མ་ཟད། བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྡོམ་དོ་དམ་ལས་དོན་ལ་སློབ་སྦྱོང་དང་གྲོས་བསྡུར་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
ཁྲེན་ཡུང་ཆིས། བདེ་འཇགས་ཐོན་སྐྱེད་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ་བདེ་འཇགས་ཐོན་སྐྱེད་སེམས་ནང་འཇོག་པ་དང་། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། ནད་ཡམས་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། གོང་འཕེལ་བདེ་འཇགས་ལྡན་པ་བཅས་ཀྱི་བླང་བྱ་གལ་ཆེན་ལ་གཞིགས་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་བ། ཉམས་མྱོང་དང་བསླབ་བྱ་དང་ལེན། ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་འཛོལ་ཚབས་ཆེན་མཐའ་གཅིག་ཏུ་གཏན་འགོག་དང་སྤྱིར་བཏང་རང་བཞིན་གྱི་ལས་འཛོལ་ཐོན་ཚད་ཉུང་དུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱས་ནས“དོན་ཚན་བཅོ་ལྔ”ཡི་བྱ་ཐབས་དང“ངེས་པར་དུ་དྲུག”གི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་། ཚད་གཞི་ཚད་ལྡན་དུ་གཏོང་བ། བདེ་འཇགས་བཀོལ་སྤྱོད་ཀྱི་བརྒྱུད་རིམ་སོགས་ལམ་ལུགས་ཚད་གཞི་ལག་བསྟར་ནན་པོ་བྱེད་པ། ཁྲིམས་འཛིན་ལྟ་འདོམས་དང་ཚོད་སྐོར་དཔྱད་ཞིབ་ནན་དུ་གཏོང་བ་བཅས་བྱས་ཏེ་སྒྲིག་སྲོལ་ནན་པོ་འཛུགས་པ་དང་སྟོན་ཕྱོགས་ནན་པོ་དངོས་འབྲེལ་འཛུགས་ཐུབ་པར་བྱེད་དགོས། སྔོན་འགོག་སྔོན་དུ་འཇོག་པ་མཐའ་འཁྱོངས་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནང་སྦྱོང་དངོས་བྱེད་པ། རྐྱེན་མ་བྱུང་གོང་ནས་འགོག་ཐུབ་པ་བཅས་བྱས་ནས་མངོན་མེད་རྐྱེན་ངན་ཆུང་སར་ཐག་གཅོད་བྱེད་དགོས། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་དང་། སྡོད་ཁང་འཛུགས་སྐྲུན་དང་སོལ་རླངས། གྲོང་ཁྱེར་མེ་ཟོན། ནགས་ཚལ་རྩྭ་ཐང་གི་མེ་ཟོན། རང་བྱུང་ས་གཤིས་ཀྱི་གནོད་འཚེ། མཐོ་གནོན་དང་དམིགས་བསལ་རིགས་ཀྱི་སྒྲིག་ཆས། དེ་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ལྷག་པར་དུ། བོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ལོ་མཇུག་དང་ལོ་འགོའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་སྲུངས་དགོས། མཉམ་འགོག་མཉམ་བཅོས་ལག་བསྟར་བྱས་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ། སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐེར་འདོན་དང་བྱ་དགའ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། “ལས་གནས་གཅིག་དང་འགན་འཁྲི་གཉིས” ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་བདའ་འདེད་བཅས་མཐའ་འཁྱོངས་དང་། ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།