ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ལྗང་མདོག་བཟོ་ལས། སྐྱེ་དངོས་སྨན་དང་སྨན་རྫས་ཐོན་ལས་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།
འཇམ་དཔལ་ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད་པ་རེད།
ཅིང་ཀྲི་མའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་སྔོ་ཚལ་དྲོད་ཁང་དུ་ཕེབས་སྐབས། ཡན་ཅིན་ཧའེ་ཡིས་སྔོ་ཚལ་འདེབས་འཛུགས་ཀྱི་སྣ་ཁ་དང་། ཁྲོམ་རའི་བྲིན་ཚོང་། མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཚུལ་བཅས་ལ་བཀའ་འདྲི་ཞིབ་ཚགས་གནང་བ་མ་ཟད། མིག་སྔའི་ས་ཞིང་བརྒྱུད་ཤུག་རིན་གོང་སོགས་ཀྱི་གནད་དོན་མཁྱེན་རྟོགས་ཀྱང་གནང་བ་རེད། ཁོང་གིས་ཕུགས་ལ་བསམ་གཞིག་དང་ཉམས་མྱོང་དཔྱད་གཞིར་འཛིན་ནས། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ས་ཞིང་བརྒྱུད་ཤུག་གི་རིན་གོང་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཞིང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ལ། ཞིང་ལས་གཉེར་སྐྱོང་བྱེད་པོར་རོགས་སྐྱོར་ཧུར་ཐག་བྱས་ནས“གཉིས་ཁེ”མངོན་འགྱུར་ཡོང་བ་ཡང་བྱེད་དགོས་ཞེས་བསྟན་གནང་ཡོད། འདེབས་འཛུགས་དུད་ཚང་ལི་ཧྲོའུ་ཡོན་བོད་དུ་འཚོ་བ་བསྐྱལ་ནས་ལོ་20ཙམ་སོང་བ་མཁྱེན་རྗེས། ཡན་ཅིན་ཧའེ་ཡིས་ང་ཚོས་འདེབས་གསོའི་ཁེ་ལས་དང་ལག་རྩལ་མཁས་པ་དེ་བས་མང་བ་བོད་དུ་ལས་དར་ལས་གཏོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། དེ་ལས་ས་གནས་དེ་གའི་མང་ཚོགས་སྒོ་རྩ་ནས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་དང་ཆབས་ཅིག མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ཀྱང་གཏོང་ཐུབ་ཅེས་དགྱེས་ཚོར་ཆེན་པོས་གསུངས།
“ཕག་ཕྲུག་དུས་ཡུན་ག་ཚོད་ལ་བཤས་ཐུབ་ཀྱི་རེད་དམ” “ནད་ཡམས་ཞིབ་བཤེར་ལས་དོན་ཇི་ལྟར་སྤེལ་གྱི་ཡོད་དམ”ཅིང་དབང་ཕག་པ་གསོ་ཚགས་རྟེན་གཞིར་ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་ཕག་པ་གསོ་ཚགས་དང་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཟིགས་པ་དང་འབྲེལ། ཁེ་ལས་ཀྱིས་ཐོན་སྐྱེད་དོ་དམ་བྱེད་རིང་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དང་གནད་དོན་གང་ཡོད་མེད་བཀའ་འདྲི་ཡང་གནང་བ་རེད། ཁོང་གིས་ཕག་ཤ་ནི“ཤ་ཚལ་སྒོང་གསུམ”གྱི་གྲུབ་ཆ་གལ་ཆེན་ཞིག་རེད།
ཕག་པ་གསོ་ཚགས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཕག་པ་གསོ་ཚགས་ཀྱི་ཐོན་རྫས་ཁྲོམ་རར་མཁོ་སྤྲོད་འགན་ལེན་བྱས་ཏེ། ཕག་པ་ཐོན་སྐྱེད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྔར་བས་ལེགས་པའི་ངང་སྐོང་ཐུབ་པར་བྱེད་དགོས། ཐོན་ལས་འཁོར་སྦྲེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ལེ་ལག་ཚང་བའི་གཟན་ཆག་ལས་སྣོན་དང་བཤའ་བ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཏེ། སྔ་རྗེས་སུ་ཐོན་ལས་འཁོར་སྦྲེལ་སྣུར་སྲིང་བྱས་ནས་ཐོན་ལས་འཁོར་སྦྲེལ་ལས་མང་ཚོགས་ཕྱུག་པོ་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།
མཉེས་ཐང་བཟོ་ལས་གླིང་ཁུལ་བོད་ལྗོངས་ཧེང་ཏི་ངར་ལྕགས་ཤེལ་སྒོ་བཟོ་གྲྭ་ཚད་ཡོད་ཀུང་སི་དང་བོད་ལྗོངས་བདེ་འཚོལ་སྐྱེ་དངོས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིར། ཡན་ཅིན་ཧའེ་ཡིས་ཁེ་ལས་ཀྱི་འགན་འཁུར་བར་དཔལ་འབྱོར་བརྟན་གཏོང་གི་གནས་སྐབས་རང་བཞིན་གྱི་བྱེད་ཐབས་29སོགས་དཀའ་ངལ་བསལ་ནས་ཁེ་ལས་ལ་ཕན་པ་སྐྲུན་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཡོད་མེད་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་རིམ་ཁག་སྡེ་ཚན་ཁག་གིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས། ཁེ་ལས་ལ་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུ་བ་དང་། གནད་སྨིན་རོགས་སྐྱོར་བྱེད་པ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་སྦབ་ཆ་གཅིག་དོན་འཁྱོལ་གཏིང་ཟབ་བཅས་བྱས་ནས། ཁྲོམ་རའི་བྱེད་པོའི་ཐོབ་སྣང་ཆེ་རུ་ཏན་ཏིག་བཏང་སྟེ་ཁེ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།