ཚེས་2ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་དང་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་ནས། རྩ་ཁྲིམས་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རྩ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་འབྲེལ་དམ་བཅའ་བཞག་པར་ལྟ་སྐུལ་ཡང་གནང་བ་རེད།
སྔ་དྲོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ། ཡན་ཅིན་ཧའེ་ཡིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མས་གུས་སྟབས་ཀྱིས་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། དེ་རྗེས་དམ་འཇོག་དང་ལེན་བྱེད་མཁན་གྱིས་རྩ་ཁྲིམས་ལག་ཏུ་བཟུང་ནས་དམ་ཚིག་ངག་འདོན་བྱས་པ་དང་། དམ་བཅའ་འཇོག་མཁན་གཞན་དག་གིས་རྒྱབ་ཕྱོགས་སུ་རུ་སྟར་བསྒྲིགས་ནས་ལངས་ཏེ་དམ་བཅའི་ཚིག་མཉམ་དུ་ཀློག་པ་རེད།
སློབ་སྦྱོང་ཚོགས་འདུའི་ཐོག ཡན་ཅིན་ཧའེ་ཡིས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག ཏང་དང་མི་དམངས་ཀྱི་འདུན་པ་གཅིག་སྡུད་ཐོག་མཚོན་པ་བཅས་རེད། དེས་ན་སྣེ་ཁྲིད་དེ་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། རྩ་ཁྲིམས་ཀྱི་བླ་ན་མེད་པའི་བཅའ་ཁྲིམས་ཀྱི་གནས་བབ་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་བཅས་མཐའ་འཁྱོངས་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་རང་གཅུན་དང་། གཏམ་སྤྱོད་ཚད་ལྡན། འགན་དབང་སྤྱོད་རྒྱུ་བཅས་མཐའ་འཁྱོངས་བྱེད་དགོས། སྣེ་ཁྲིད་དེ་རྩ་ཁྲིམས་སློབ་སྦྱོང་བྱས་ནས། རྩ་ཁྲིམས་སློབ་སྦྱོང་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་། ཏང་གི་སྒྲིག་ཡིག་སློབ་སྦྱོང་བཅས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་རྩ་ཁྲིམས་ཀྱི་ཡིག་ཆ་ཞིབ་འཇུག་གཏིང་ཟབ་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ། རྩ་ཁྲིམས་ཀྱི་བརྩི་སྲུང་བྱེད་ཤུགས་ཆེར་གཏོང་བཅས་བྱས་ནས། སྤྱི་ཚོགས་ཐོག་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྣེ་ཁྲིད་དེ་རྩ་ཁྲིམས་ལག་བསྟར་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞི”གཅིག་སྡུད་བྱེད་པ། དམངས་འཚོ་འགན་ལེན་དང་། སྤྱི་ཚོགས་བཅོས་སྐྱོང་། མི་རིགས་ཆོས་ལུགས། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་སུ་རྩ་ཁྲིམས་ལྟར་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་ཟབ་ཏུ་གཏོང་བ། ཁྲིམས་ལྟར་སྲིད་གཞུང་གི་འགན་འཁྲི་ཕྱོགས་ཡོངས་ནས་སྒྲུབ་པ། སྲིད་གཞུང་སྒྲིག་གཞིའི་འགན་ནུས་ལེགས་འགྱུར་དང་། མཐུན་སྦྱོར། ནུས་ཆེ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྲིད་འཛིན་གྱི་ཐབས་ཇུས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། དོ་ནན་དང་། ཚད་ལྡན། དྲང་གཞག ཤེས་དཔལ་བཅས་ཀྱི་ཁྲིམས་འཛིན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྒྲིག་སྲོལ་དང་དགོངས་དོན་སྲིད་གཞུང་གི་སྲིད་འཛིན་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བཅས་བྱེད་དགོས། སྣེ་ཁྲིད་དེ་རྩ་ཁྲིམས་སྲུང་སྐྱོང་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ། མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་བསམ་འདུན་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་འཕེལ་རྒྱས་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཁོངས་མི་དང་དམ་བཅའ་འཇོག་མཁན་གྱི་འཐུས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།