དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-05

    ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྔར་བས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུ་མ་འཚོག་གོང་ཚང་མས་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་རང་སྦྱོང་ནན་ཏན་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་བྲིས་པ་དང་ཚོགས་འདུའི་ཐོག་ཚང་མས་བསམ་བློ་དང་ལས་ཀའི་དོན་དངོས་ཟུང་འབྲེལ་གནང་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཕྱོགས་སྟོན། འབྲས་བུའི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཟམ་མི་ཆད་པར་བྱེད་པ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། མཐུན་སྒྲིལ་ལ་སྐུལ་འདེད། མི་སེམས་གཅིག་སྒྲིལ། མཐའ་མཚམས་སྟོབས་ཆེར་གཏོང་བ་སོགས་ཀྱི་ལས་ཀའི་བྱེད་ཐབས་ཁག་ལ་སྔར་བས་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བར་འགན་ལེན་ནུས་ལྡན་བྱས་པ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་སྲིད་སྐྱོང་གནས་བབ་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་། ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་འགོག་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ། ཆབ་སྲིད་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་དགྲ་ཡའི་ཕྱོགས་གཏོགས་སྣ་ཚོགས་དང་དར་ཆ་གསལ་སྟོན་གྱིས་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཆང་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། རྒྱུ་ནོར་བདེ་འཇགས། གཟུགས་གཞི་བདེ་ཐང་བཅས་འགན་ལེན་ཏན་ཏིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ཚོགས་བདེ་འཇགས་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། སྤྱི་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་རྣམ་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། སྔོན་ལ་བྱ་སྤྱོད་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ལས་ཀའི་རང་འགུལ་དབང་ཆ་སྟངས་འཛིན་བརྟན་པོ་བཅས་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་དང་། རྩ་ལག་མཉམ་བཅོས་མཐའ་འཁྱོངས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། ཐོག་མཐའ་བར་གསུམ་དུ་ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་སྤེལ་བ་དང་གཞི་རིམ་དུ་སྒྲུབ་ཐུབ་པར་བྱེད་དགོས། ལས་ཀའི་སྔ་བསམ་ཕྱི་བལྟས་རང་བཞིན་དང་སྔོན་དཔག་རང་བཞིན་ཤུགས་ཆེར་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དང་། སྤྱི་ཚོགས་ཀྱི་འཚོ་བ། བདེ་འཇགས་ཐོན་སྐྱེད་བཅས་ཁྱབ་ཁོངས་ཁག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ནས་ཞན་ཆ་འཚོལ་ཞིབ་དང་། ཆད་སྐྱོན་སེལ་བ། སྐྱོན་ཆ་འགོག་པ་བཅས་བྱས་ནས་སྔ་ཙམ་ནས་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། ཐོན་བཟོ་ཡོད་དུས་ནས་དམ་འཛིན་བཅས་བྱས་ཏེ་འགལ་ཟླ་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་མེད་པར་བཟོ་དགོས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བཅས་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པ། དངོས་འཐབ་སྟོན་ཕྱོགས་སུ་འཛིན་པ་དང་དངོས་སྤྱོད་རྩ་དོན་དུ་འཛིན་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།