ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ) གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
◆ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་ལ་འགན་ཧ་ཅང་ཆེན་པོ་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།
ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། བདེ་འཇགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལྗོངས་ཡོངས་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་བདེ་འཇགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་སྙན་སེང་གསན་པ། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་བཅས་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བདེ་འཇགས་ཐོན་སྐྱེད་ནི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་སྲིད་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་གནང་བ་གང་ལེགས་མཚོན་པ་དང་། ང་ཚོས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་པ་བཅས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ཐོག་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་འཛིན་ནས“འཕྱུགས་པ་གཏན་ནས་མེད་པའི”ཚད་གཞི་བརྟན་སྲུང་དང“ནོར་འཁྲུལ་གཅིག་ཐོན་ཚེ་ཚང་མ་འཕྱུགས་པའི”ཉེན་བརྡ་རྒྱུན་སྒྲོག་བྱས་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་སྔར་བས་དམ་འཛིན་ཡག་པོ་བྱས་ཏེ། ཁྲལ་སེལ་སླ་བཅོས་དང་། བག་མེད་ལྷོད་གཡེང་། སྟེས་དབང་གིས་ཐར་ཐབས་བྱེད་པ་སོགས་ཀྱི་སེམས་ཁམས་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས། ལས་འཛོལ་ཆེན་པོ་དང་ཚབས་ཆེན་མ་ཐོན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་རྩ་བ་ནས་སེལ་དགོས་ཤིང་། རྐྱེན་མ་བྱུང་གོང་ནས་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་བྱེད་ཐབས་བཅོ་ལྔ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མེ་ཟོན་བདེ་འཇགས། བཟའ་བཅའ་དང་སྨན་རྫས། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས། ལས་གྲྭ་འཛུགས་སྐྲུན། མཐོ་རིམ་བཟོ་སྐྲུན་བཅས་དང་དེ་བཞིན་མི་སྣ་འདུ་འཛོམས་ཆེ་བའི་ཁུལ་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། ཁྱབ་ཁོངས་རེ་རེ་བཞིན་གྲལ་བཤེར་དང་གནད་དོན་རེ་རེ་བཞིན་བཅོས་སྒྲིག་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་སེལ་དགོས།
མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་ལྟ་འདོམས་དང་ཁྲིམས་འཛིན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། ལྟ་འདོམས་ཀྱི་གཙོ་གནད་སྔར་བས་མདུན་དུ་སྤོ་བ་དང་བྱ་བ་མ་སྒྲུབ་གོང་དང་སྒྲུབ་རིང་གི་ལྟ་འདོམས་ཀྱི་ཁྲིམས་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གཙོ་གནད་ཁེ་ལས་དང་། གཙོ་གནད་ཁྱབ་ཁོངས། ཉེན་ཁ་ཆེ་རིགས་བཅས་ལ་ལྟ་སྐུལ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱེད་དགོས། ལྟ་འདོམས་ཁྲིམས་འཛིན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆེད་ལས་ཅན་གྱི་འདེགས་སྐྱོར་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་འདོམས་ཕན་ནུས་དང་ཁྲིམས་འཛིན་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ལྟ་འདོམས་ཆད་གཅོད་དང་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ནན་པོ་བྱེད་པ་དང་། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ“ཐར་པར་གཏན་ནས་མི་གཏོང་བ”ལག་བསྟར་བྱས་ནས། ལྟ་འདོམས་ཁྲིམས་འཛིན་ནན་པོ་དང་། དམ་པོ། ཏན་ཏིག་བཅས་ཡོང་བར་བྱེད་དགོས།
ཞན་ཆ་སེལ་བར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། སྔོན་ལ་བྱ་སྤྱོད་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་སྟེ། མི་དང་། དངོས་པོ། ལག་རྩལ་བཅས་ཀྱི་འགོག་སྲུང་བྱེད་ཐབས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དྲ་མིག་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་དོ་དམ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དངོས་འཐབ་ཅན་གྱི་བླང་བྱ་ལྟར་འཕྲལ་སྡོམ་ནང་སྦྱོང་དང་རོགས་སྐྱོབ་གྲ་སྒྲིག་བཅས་བྱས་ནས། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སྐྱོབ་བཅས་དང་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ཚབས་ཆེན་ཐག་གཅོད་དང་འགན་ལེན་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས།
འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་བཏང་ནས། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་། གཏོགས་ཁོངས་དོ་དམ་གྱི་འགན་འཁྲི། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱས་ཏེ། ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། ཕྱོགས་ཁག་གིས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་ལ་སྐུལ་འདེད་གཏོང་བ། གནོན་ཤུགས་གཞི་རིམ་དང་ཁེ་ལས་སུ་དངོས་སུ་བརྒྱུད་སྤྲོད་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ལ་དུས་རྒྱུན་ནས་དམ་འཛིན་ནན་པོ་བྱེད་དགོས།
སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཤིང་། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་འགན་འཁྲི་བདའ་འདེད་དང་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་ལ་འཁེལ་པོས་ལྟ་སྐུལ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀའི་བྱ་ཐབས་དང་སྤྱོད་ཚུལ་ལེགས་གཏོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་དང་། “ཕྱི་ནས་མ་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས། “སྐབས་བསྟུན་གཙང་སེལ”གྱི་སྤྱིའི་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས། པར་ཐེངས་དགུ་པའི་སྔོན་འགོག་ཚོད་འཛིན་ཇུས་གཞི་དང་ལེགས་གཏོང་བྱ་ཐབས་ཉི་ཤུ་གཡོ་འགུལ་མི་གཏོང་བ་དང་བཟོ་ལྟ་མི་འགྱུར་བ། ཁྲིམས་ལྟར་དང་། གནད་འཁེལ། ཚན་རིག་དང་མཐུན་པ། ནན་པོ། ཕན་འབྲས་ཆེ་བ་བཅས་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་རང་འགུལ་ངང་དམ་འཛིན་ཧུར་ཐག་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱས་ཏེ་ལས་སླ་པོར་བྱུང་བ་མིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་དགོས། “ནད་ཡམས་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། གོང་འཕེལ་བདེ་འཇགས་ལྡན་པ”བཅས་ཀྱི་བླང་བྱ་གལ་ཆེན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པ་སོགས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། དམངས་འཚོ་འགན་ལེན་དང་། ཐ་ཚད་སྐྱོང་བ། མྱུར་སྐྱོབ་དཀའ་སེལ་བཅས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ཟོག་འགྲེམས་བགྲོད་ལམ་ཤར་གཏོང་ཐུབ་པ་དང་། སྨན་བཅོས་བགྲོད་ལམ་ཤར་གཏོང་ཐུབ་པ། མེ་ཟོན་བགྲོད་ལམ་ཤར་གཏོང་ཐུབ་པ་བཅས་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱེད་པ། ཡིད་ཆེས་བརྟན་དུ་གཏོང་བ་དང་། མི་སེམས་དྲོ་བར་བྱེད་པ། དམངས་སེམས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཁག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་དབྱེ་ཞིབ་དང་གྲལ་བཤེར་གཏིང་ཟབ་བྱེད་པ། ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་སྒྲུབ་དགོས། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། སྤྱོད་གོ་ཆོད་པའི་བྱ་ཐབས་བཟང་པོ་དེ་དངོས་སྒྲུབ་མཁོ་ཆོད་ཀྱི་ལམ་ལུགས་དང་ལམ་སྲོལ་དུ་འགྱུར་བར་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣