རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་11ཚེས་25ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་བརྙན་ལམ་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་ཐིང་། རྩིས་བཤེར་ཐིང་། བསྡོམས་རྩིས་ཅུས། ཁྲལ་དོན་ཅུས་བཅས་དང་དེ་བཞིན་བོད་ལྗོངས་བསྡོམས་རྩིས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་ཚན་ཁག་གི་ཁོངས་མི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།
ཁྲེན་ཡུང་ཆིས་རང་ཉིད་ཀྱི་སློབ་སྦྱོང་མྱོང་ཚོར་དང་ཟུང་འབྲེལ་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཁོང་དུ་ནན་པོ་ཆུད་པ་ལྔའི”བླང་བྱ་གལ་ཆེན་ལ་གཞིགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་གསལ་འགྲེལ་གནང་བ་མ་ཟད། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བཀོད་སྒྲིག་ཀྱང་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་དེ་ཡིན་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་ལྟར། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”གཅིག་ཏུ་བསྒྲིལ་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་འདོམས་ནུས་ལྡན་དང་། ནུས་ཆེའི་མ་དངུལ་འཇོག་རྒྱུ་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། དཔལ་འབྱོར་བརྟན་དུ་གཏོང་བའི་སྲིད་ཇུས་ཁག་38དང་སྐབས་འཕྲལ་རང་བཞིན་གྱི་བྱ་ཐབས་ཁག་29ཕྱོགས་ཡོངས་ནས་དོན་འཁྱོལ། རང་སྐྱོང་ལྗོངས་ཀྱི“མཐའ་མའི་གདོང་མཆོང་ཟླ་བ་གཉིས་དང་ཐག་གཅོད་དམག་འཐབ་ཉིན་60བྱེད་པའི”བླང་བྱ་དོན་འཁྱོལ་ཡག་པོ་བཅས་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་དགུན་དུས་ལས་མཚམས་མི་འཇོག་པ་དང་། རིམས་ནད་རྗེས་ལས་འགོ་བསྐྱར་དུ་འཛུགས་པ། ལོ་མཇུག་གོང་དུ་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་འཛུགས་པ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དམ་འཛིན་ཆེན་པོས་སྤེལ་ཏེ་ལས་འབོར་མང་པོ་ཞིག་ཆགས་པ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོ་མུ་མཐུད་འགན་ལེན་དང་ལེགས་སུ་བཏང་ནས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི“འདུ་འགོད་ཆེ་གྲས་བདུན”ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་དང་། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་མུ་མཐུད་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།