དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-27

    09cab409-6e43-4203-b22d-337987af593a.jpg.jpg

    ཟླ་11ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་བྱིས་པའི་ཕན་བདེ་ཁང་དུ་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    8ce3e478-9868-4b28-82c0-6040fb8aab04.jpg.jpg

    ཟླ་11ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུའི་ལྟེ་གནས་སུ་འབྲེལ་ཡོད་ལས་དོན་ལ་རྟོག་ཞིབ་གནང་བཞིན་པ།

    ◆ དཀའ་ངལ་ཡོད་པའི་ཚོགས་སྤྱིའི་འཚོ་བར་སེམས་ཁུར་དང་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་མང་ཙམ་བསྒྲུབས་ཏེ་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ཀྱིས་ཚོར་བ་བྱེད་དགོས།

     ཟླ་11ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཆང་བ་དང་། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་འཚོ་བར་སེམས་ཁུར། ཁ་ཚ་དགོས་གཏུགས་ཀྱི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ནས་ཞབས་ཞུ་འགན་ལེན་ཡག་པོ་བྱས་ཏེ་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ཀྱིས་ཚོར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་བྱིས་པའི་སྐྱོན་བྲལ་འཚར་ལོངས་ལ་སྲུང་སྐྱོང་བྱས་པ་དང་། ཕན་བདེ་ཁང་གི་བྱིས་པའི་འཚོ་བ་དང་སློབ་སྦྱོང་ཐད་ཝང་ཅུན་ཀྲེང་གིས་དེ་བས་ཀྱང་སེམས་ཁྲལ་ཆེན་པོ་གནང་གི་ཡོད། བོད་ལྗོངས་བྱིས་པའི་ཕན་བདེ་ཁང་དུ་ཝང་ཅུན་ཀྲེང་གིས་ཟ་ཁང་དང་ཐབ་ཚང་དུ་ཕེབས་ནས་བཟའ་བཅའ་ཉོ་སྒྲུབ་དང་རྒྱུ་ཆ་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་གཟིགས་པ་མ་ཟད། འགན་འཁུར་བར་ཚན་རིག་དང་མཐུན་པའི་ངང་འཚོ་བཅུད་སྡེབ་སྦྱོར་ཡག་པོ་བྱས་ནས་ཕྲུ་གུ་ཚོ་བདེ་ཐང་ཡོང་བ་དང་འཚོ་བཅུད་ལྡན་པ་བྱེད་དགོས་པའི་མངག་བྱའང་གནང་བ་རེད། ཁྱིམ་ཚང་དང་པོར། ཝང་ཅུན་ཀྲེང་གིས“གཅེས་སེམས་ཨ་མ”དང་ཕན་བདེ་ཁང་གི་བྱིས་པར་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། ལས་དོན་མི་སྣས་དཀའ་སྤྱད་འབད་བརྩོན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེའང་ཞུས་པ་རེད།

    རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་ལུས་སྦྱོང་ཡོ་བྱད་སྦྱོང་བརྡར་ཁང་དང་། བྱིས་པའི་དྲག་སྐྱེད་ཁང་བཅས་སུ་ཕེབས་ཏེ་མང་ཚོགས་ཀྱི་དྲག་སྐྱེད་སྦྱོང་བརྡར་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཁོ་ཚོར་ཡིད་ཆེས་བརྟན་དུ་གཏོང་བ་དང་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་སྔ་ཙམ་དྲག་སྐྱེད་ཡོང་བའི་ལྕག་སྐུལ་གནང་བ་རེད།

    སྤྱི་ཚོགས་ཀྱི་རོགས་སྐྱོབ་ནི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་ལྟོ་གོས་བདེ་སྡུག་དང་འབྲེལ་བ་ཡོད། ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་སུ་ཝང་ཅུན་ཀྲེང་གིས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་རོགས་སྐྱོར་བྱ་ཡུལ་ལ་གཟིགས་པ་རེད། ཁོང་གིས། ང་ཚོས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དེ་བས་དོ་ཁུར་དང་། དེ་བས་གཅེས་སྐྱོང་། དེ་བས་སེམས་ཁུར་བཅས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ས་དང་། བསམ་བློ་གཏོང་ས། རེ་སྒུག་བྱེད་ས་བཅས་དུས་ཐོག་ཏུ་འཕྱུགས་མེད་ངང་ཤེས་རྟོགས་དང་། རོགས་སྐྱོབ་སྲིད་ཇུས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ། རོགས་སྐྱོབ་བྱ་ཡུལ་གནད་སྨིན་དང་བྱེད་ཐབས་གནད་འཁེལ་ཡོང་བ་བཅས་བྱས་ཏེ་ཉམས་ཞན་ལ་སྐྱོར་མཁན་ཡོད་པ་དང་དཀའ་ངལ་ལ་རོགས་རམ་ཡོད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། དམངས་འཚོ་ནི་དམངས་སེམས་དང་འབྲེལ་བ་ཡོད་ལ་དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཀྱང་ཡིན། ལྗོངས་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དམངས་སྲིད་ལས་དོན་ཐད་བཏོན་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་དམངས་སྲིད་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། མང་ཚོགས་ཀྱི་རང་བཞིན། དུས་རབས་ཀྱི་རང་བཞིན། མཐུན་སྦྱོར་གྱི་རང་བཞིན་བཅས་ལ་སྟངས་འཛིན་ཡག་པོ་བྱེད་པ་དང་། “དམངས་ལ་དམངས་སྲིད་ཀྱི་ལས་དོན་སྒྲུབ་པ་དང་དམངས་སྲིད་ཀྱིས་དམངས་ལ་གཅེས་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་པ་དང་། དམངས་འཚོའི་གཙོ་གནད་ལས་དོན་ལ་དམིགས་པ། གཞི་རྩའི་དམངས་འཚོར་འགན་ལེན་ཧུག་ཐག་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། གཞི་རྩའི་སྤྱི་ཚོགས་ཀྱི་ཞབས་ཞུར་ཤུགས་སྣོན་ཧུར་ཐག་རྒྱག་པ། ཞན་ཆ་སེལ་བ་དང་ཆད་རྐྱེན་གསབ་པ། དམངས་འཚོར་ཕན་པ་དང་དམངས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་སྔར་བས་མང་བ་སྤྱད་དེ་དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐ་སྐྱོང་འགན་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ལས་དོན་གལ་ཆེན་ལ་བརྩིས་ཏེ་སེམས་ལ་འཇོག་པ་དང་ཕྲག་པར་འཁུར་བ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་བྱ་བ་མང་ཙམ་བསྒྲུབས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འདྲི་རྟོག་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་དམིགས་སའི་རང་བཞིན་དེ་བས་ཆེ་བ་དང་། ཁྱབ་རྒྱ་དེ་བས་ཆེ་བ། ནུས་པ་སྔར་བས་ཐད་ཀར་ཐོན་པ། ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་ཏན་ཏན་ཏིག་ཏིག་གིས་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་དང་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བྱ་ཐབས་དངོས་བཏོན་ནས་ཕན་འབྲས་དངོས་ཐོན་པར་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཐའ་ཚད་ཏན་ཏིག་སྲུང་དགོས། རིམ་ཁག་སྡེ་ཚན་ཁག་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ནས་ཕན་བདེ་ཁང་དང་རྒན་གསོ་ཁང་སོགས་གཙོ་གནད་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་ཐང་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་དང་དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་དམངས་གལ་ཆེ་ཤོས་སུ་བརྩི་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་དམངས་འཚོའི་དོན་ཆེན་དང་ཉེ་འགྲམ་གྱི་དོན་ཆུང་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ནས་དམངས་སྲིད་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།