ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།
ཟླ་11ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བསོད་ནམས་བག་གྲོའི་ནང་མི་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཀྱིས་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཐུན་མོང་ཐོག་རྒྱང་ལྟ་གནང་བ།
ཟླ་11ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ཕེབས་ནས་དེང་རབས་ཞིང་ལས་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
◆ ཞིང་ལས་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཟླ་11ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་ཞིང་ལས་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཉི་ཧུང་ཡོན་ཚང་ཁེ་ལས་ཚད་ཡོད་ཀུང་སི་དང་མཁར་རུ་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ཝང་ཅུན་ཀྲེང་གིས་ཟོག་འགྲེམས་ཁེ་ལས་ཀྱི་གཉེར་སྐྱོང་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འཐབ་ས་དང་པོའི་ལས་དོན་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་འགྲིམ་འགྲུལ་ཟོག་འགྲེམས་ཤར་གཏོང་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགན་སྲུང་གལ་ཆེན་ཞིག་རེད། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་བྱེད་དགོས་པ་དང་ཕྱོགས་གཞན་ཞིག་ནས་ལས་ཐོན་བསྐྱར་ཚུགས་ལ་དམ་འཛིན་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་འགྲིམ་འགྲུལ་དྲ་རྒྱ་ཤར་གཏོང་དང་། དངོས་ཟོག་སྐྱེལ་འདྲེན་ཤར་བགྲོད། སྡེབ་སྐྱེལ་ཤར་གཏོང་བཅས་ཡོང་བར་འགན་ལེན་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པ་དང་། སྔོན་འགོག་དང་ཚོད་འཛིན་ཇུས་གཞི་པར་གཞི་དགུ་པར་གཡོ་འགུལ་མི་གཏོང་བ་དང་བྱེད་ཐབས་དོན་ཚན་ཉི་ཤུ་དོན་འཁྱོལ་ཡག་པོ་མཐའ་འཁྱོངས་བྱས་ཏེ་ཕྱི་ནས་མི་འགོ་བ་དང་། ནང་དུ་བསྐྱར་ལོག་མི་ཐབས། ཕྱིར་མི་མཆེད་པ་བཅས་ཀྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀར་རྒྱལ་ཁ་འཐོབ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཐོན་པའི་སྤོས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། སྤོས་ཀྱི་ཐོན་ལས་ནི་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད། ཝང་ཅུན་ཀྲེང་གིས་ཆུ་འཐག་སྤོས་ཀྱི་ཁྱམས་རིང་ལ་རྟོག་ཞིབ་གནང་བཞིན་ཚེ་རིང་རྡོ་རྗེའི་ཁྱིམ་དང་ཁྱད་ལྡན་ཐོན་རྫས་ཚོང་ཁང་དུ་ཕེབས་ནས་སྤོས་བཟོ་སྟངས་དང་ཕྱིར་ཚོང་གི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གལ་ཆེ་མཉམ་འཛིན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་ཧུར་ཐག་བསྒྱུར་ཏེ་ཞིང་འབྲོག་མང་ཚོགས་ཐོན་ལས་འཕེལ་རྒྱས་ཀྱི་ཕན་པ་འཐོབ་མཁན་མང་ཤོས་སུ་འགྱུར་བ་དང་མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཐོན་མི་སམ་བྷོ་ཊའི་བཞུགས་གནས་སུ་ཝང་ཅུན་ཀྲེང་གིས་རིག་དངོས་སྲུང་སྐྱོབ་བྱས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་ས་གནས་དེ་གའི་རང་བྱུང་དང་མི་ཆོས་ཐོན་ཁུངས་གང་ལེགས་སྤྱད་དེ་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས་པའི་ནན་བཤད་གནང་བ་རེད།
སྙེ་མོ་ཤང་གནས་ཡུལ་གྲོང་ཚོར་ཝང་ཅུན་ཀྲེང་གྲོང་ཚོ་ཨུ་ལྷན་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་སྟེ་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞི་རིམ་ལས་བྱེད་པར་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར། ལས་ཀའི་བྱེད་ལུགས་བྱེད་སྟངས་ལ་དོ་སྣང་བཅས་བྱས་ཏེ་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་བསྒྲུབས་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས་པའི་མངགས་བཅོལ་གནང་བ་རེད། བསོད་ནམས་བག་གྲོའི་ཁྱིམ་དུ་ཝང་ཅུན་ཀྲེང་གིས་ནང་མི་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཀྱིས་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཐུན་མོང་ཐོག་རྒྱང་ལྟ་གནང་བ་རེད། བསོད་ནམས་བག་གྲོས་ཏང་གི་སྲིད་ཇུས་བཟང་པོ་ལས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་བྱུང་བས་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད། ལྷུན་སྒང་དབུལ་སྐྱོར་སྡོང་ཕྲུག་ར་བ་དང་། སྙེ་མོའི་ཐོན་ལས་གླིང་གི་ཨར་པོ་རྒྱག་ཡུལ། ཉི་རོང་གྲོང་ཚོའི་ཚད་གཞི་མཐོ་བའི་ཞིང་ཁ། ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་། མཁར་རུ་ཤང་གི་ཞིང་འབྲོག་པའི་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཅས་སུ་ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་ལས་བྱེད་པ་དང་ཞིང་ལས་ལག་རྩལ་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་རྣམ་གྲངས་ཀྱི་འཕེལ་རིམ་དང་། ཐོན་ལས་འཕེལ་རྒྱས། འབབ་འཕར་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་ཞིང་ལས་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་ཤུགས་ཆེན་གཏོང་དགོས་པ་དང་། ལག་རྩལ་ཁྱབ་གདལ་གཏོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཤུགས་རྒྱག་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་རྩལ་ནུས་ཆེ་རུ་གཏོང་བའི་ཐད་ཤུགས་བརྒྱབ་སྟེ་ཤེས་བྱ་དང་། རིག་གནས། ལག་རྩལ་བཅས་ལྡན་པའི་ཞིང་པ་གསར་པ་གསོ་སྐྱོང་བྱས་ནས་མང་ཚོགས་ཀྱིས་དེང་རབས་ཞིང་ལས་ཀྱི་ཉེར་མཁོའི་ལག་རྩལ་ཁོང་དུ་ཆུད་པ་དང་། ཕྱུག་འགྱུར་འཇོན་ཐང་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ཏེ་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྲ་ཞིང་བརྟན་པའི་ཚན་རྩལ་གྱི་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་པོ་སྐྲུན་པ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ། རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་དམིགས་པ། ཚན་རྩལ་ཞིང་ལས་དང་། ལྗང་མདོག་ཞིང་ལས། སྤུས་རྟགས་ཞིང་ལས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་ལས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། ཁྲོམ་ར་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པ་དང་། དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྲོལ་རྒྱུན་གྱི་ཐོན་སྐྱེད་དེང་རབས་ཅན་གྱི་ཐོན་སྐྱེད་དུ་སྒྱུར་བ། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་ངུ་དང་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེན་པོ་འབྲེལ་མཐུད་དམ་ཟབ། བོད་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་བཅས་བྱས་ནས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས། ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ནུས་ལྡན་བྱེད་པ་དང་། མང་ཚོགས་ལས་ཀར་ཧུར་ཐག་བསྡུས་ནས་ཞིང་ལས་ཀྱི་སྤུས་ཕན་མཐོར་གཏོང་དང་། ཞིང་པ་འབབ་འཕར་ཕྱུག་འགྱུར། གྲོང་གསེབ་ཀྱི་ཤེས་དཔལ་ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བཙུགས་ཏེ་མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་དང་། མང་ཚོགས་དང་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཐད་བརྩེ་སེམས་འཆང་བ། མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་རྒྱག་པའི་ཐད་བསམ་བློ་མང་ཙམ་གཏོང་བ། མང་ཚོགས་སྒྲིག་འཛུགས་དང་གཅིག་སྡུད་བྱེད་པའི་ཐད་ནུས་ཤུགས་མང་ཙམ་འདོན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣