ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་མེ་ཏོག་བཞད་ནས་འབྲས་བུ་འདོགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག ཡན་ཅིན་ཧའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་དམིགས་ནས་རང་ཉིད་ཀྱི་སློབ་སྦྱོང་མྱོང་ཚོར་དང་ཟུང་འབྲེལ་གྱིས་ཞིབ་ཅིང་ཁུངས་བཙན་པའི་གྲངས་གཞི་དང་གསོན་ཉམས་དོད་པའི་དཔེ་མཚོན་འབོར་ཆེན་སྤྱད་དེ་དོན་ཟབ་ཅིང་།གོ་སླ་བ་དང་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་དོན་སྙིང་གལ་ཆེན་ལྡན་པས་ངེས་པར་དུ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་བསམ་བློའི་ཐོག་ངོས་འཛིན་གང་ལེགས་དང་གོ་བ་གཏིང་ཟབ་ལེན་དགོས་པ་མ་ཟད། བྱ་སྤྱོད་ཐོག་དེ་བས་རང་རྟོགས་ངང་ལག་བསྟར་དང་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་དགོས་ཞེས་མཛུབ་སྟོན་གནང་བ་རེད།
ཡན་ཅིན་ཧའེ་ཡིས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཤུགས་རྐྱེན་ཟབ་མོ་ལྡན་ཡོད་པས། ངེས་པར་དུ་ཡིད་ཆེས་ཀྱིས་ཁེངས་ཤིང་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པ་བྱས་ནས། “དོན་ཆེན་བཞི”དང་“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་དམིགས་ཚད་ཁ་གསལ་ཡིན་པས། ངེས་པར་དུ་ཚད་གཞི་དང་ཡང་ཡང་བསྡུར་བ་དང་དོན་འཁྱོལ་བྱེད་སྟངས་ལེགས་སུ་བཏང་སྟེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ཁོང་དུ་ཡག་པོ་ཆུད་པར་བྱེད་དགོས་པ་མ་ཟད། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣ་དང་། ཁྲིམས་བཞིན་རྒྱལ་སྐྱོང་། རྒྱལ་ཁབ་བདེ་འཇགས་སོགས་གཙོ་གནད་མངོན་གསལ་དོད་པོས་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། འཇུག་སྒོ་གནད་འཁེལ་ངང་འཚོལ་བ་དང་ཤུགས་རྒྱག་ས་འབུར་དུ་ཐོན་པ་བྱེད་དགོས་པ་དང་། དོན་འཁྱོལ་བྱེད་སྟངས་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།