དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-17

    གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཤེས་ལྡན་མི་སྣའི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    ཟླ་11ཚེས་15ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་དང་ཤིས་ཚིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ། དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག་དང་ལྗོངས་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་བཅས་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་བ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཤེས་ལྡན་མི་སྣ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཤེས་ལྡན་མི་སྣའི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་དང་ཤིས་ཚིག་གལ་ཆེན་གྱིས་དུས་རབས་གསར་པའི་གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་པ་དང་འབྲུ་རིགས་བདེ་འཇགས་ལ་ཤུགས་སྣོན་རྒྱག་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཞོན་ནུའི་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་གཞོན་ནུར་དྲག་ཆས་སྤྲོས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྟེན་ནས་གཞོན་ནུ་ཚོའི་བློ་སེམས་འགུགས་པ། གཞོན་ནུ་གྲོགས་པོ་ཚོའི་གྲོགས་པོ་བློས་ཐུབ་དང་། གཞོན་ནུའི་ལས་དོན་ལ་སེམས་རྩ་འཁོལ་བའི་མི། གཞོན་ནུ་མང་ཚོགས་ཀྱི་ལམ་སྣེ་འཁྲིད་མཁན་བཅས་བྱེད་དགོས། འབྲུ་རིགས་བདེ་འཇགས་ཀྱི་རྩ་བ་དེ་དུས་དང་རྣམ་པ་ཀུན་ཏུ་དམ་པོར་བཟུང་ནས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་པ་དང་། ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག་མཐའ་འཁྱོངས་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་དགོས།

    ཚོགས་འདུའི་ཐོག་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། ཤེས་ལྡན་པ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། “གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། ཉར་བ”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་སྐུལ་འདེད་ཏན་ཏིག་གཏོང་བ། ཕུལ་བྱུང་ཤེས་ལྡན་མི་སྣ་གཟེངས་སུ་ཐོན་པའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། གཞི་ཁྱོན་འཚམ་པ། གྲུབ་ཆ་ལུགས་མཐུན། བྱང་ཚད་ལེགས་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་བཙུགས་ནས་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།  ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་སྣང་ཆེན། ཤེས་ལྡན་མི་སྣར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཤེས་ལྡན་མི་སྣའི་ལས་དོན་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཤེས་ལྡན་མི་སྣའི་ལས་དོན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཤེས་ལྡན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་། ཤེས་ལྡན་མི་སྣ་བེད་སྤྱོད་ཡག་པོ་བྱེད་པ། ཤེས་ལྡན་མི་སྣར་རྒྱབ་སྐྱོར་དང་རོགས་རམ་བཅས་ཀྱི་རྣམ་པ་ཟབ་མོ་ཆགས་པར་སྐུལ་འདེད་བཏང་སྟེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་དགེ་མཚན་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་དགེ་མཚན་དུ་ཏན་ཏིག་འགྱུར་བ་བྱེད་དགོས། སྔར་བས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་དང་། ཤེས་ལྡན་མི་སྣའི་སྲིད་ཇུས་དང་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བེད་སྤྱོད། ཞབས་འདེགས། རྒྱབ་སྐྱོར། སྐུལ་ལྕག་སོགས་ཐད་ཀྱི་བཀག་རྒྱ་མཐའ་གཅིག་ཏུ་སེལ་བ། མི་བཀོལ་སྤྱོད་བྱེད་མཁན་གཙོ་བོའི་ཧུར་སེམས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཏེ་ཤེས་ལྡན་མི་སྣ་བེད་སྤྱོད་གང་ལེགས་དང་ཐབས་བརྒྱ་ཇུས་སྟོང་ངང་ཤེས་ལྡན་མི་སྣར་གྲུབ་འབྲས་ཐོབ་པར་བྱེད་དགོས།

    ཚོགས་འདུའི་ཐོག《ལྗོངས་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་ལྷོད་མེད་ཀྱིས་ཚན་རིག་དང་མཐུན་པའི་ལམ་སྲོལ་དང་། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་བསྒྲུབས་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོན་མ་ཐག་སེལ་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལེབ་སྙོམས་ཅན་གྱི་དོ་དམ་མཐའ་འཁྱོངས། ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་དང་ཏང་གི་ལས་དོན་སྤྱི་ཚོགས་བཅོས་སྐྱོང་གི་ཆེས་གཞི་རིམ་དུ་ཁྱབ་པར་བྱས་ནས་གོང་འོག་སྦྲེལ་མཐུད་དང་རིམ་མཚུངས་མཐུན་སྦྱོར་གྱི་རྩ་འཛུགས་དོ་དམ་གྱི་མ་ལག་ཅིག་ཆགས་པར་བྱེད་དགོས། མཉམ་འགོག་མཉམ་བཅོས་དང་དམངས་འགོག་དམངས་བཅོས་མཐའ་འཁྱོངས་བྱེད་པ་དང་། དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་སྐུལ་སློང་གང་ལེགས་དང་མང་ཚོགས་ལ་དམ་པོར་བརྟེན་པ། མང་ཚོགས་སྒྲིག་འཛུགས་དེ་བས་ཡག་པོ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དངོས་འཐབ་ཕྱོགས་སྟོན་དུ་འཛིན་པ་དང་གོ་ཆོད་རྩ་དོན་དུ་འཛིན་པ། ལག་ལེན་དངོས་ཀྱིས་ཞིབ་དཔྱད་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་དེ་ལམ་ལུགས་དང་ལམ་སྲོལ་དུ་འགྱུར་བ་བཅས་བྱས་ནས་བཅོས་སྐྱོང་གི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།