དབུ་ཤོག>སྲིད་དོན།
  • དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རྩིས་བཤེར་དག་ཐེར་གྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-16

    ཟླ་11ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱིས་2022ལོའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རྩིས་བཤེར་ལྟ་སྐུལ་གྱི་འགན་འཁྲི་ཁྲིམས་ལྟར་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། རྩིས་བཤེར་གྱི་ལྟ་སྐུལ་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རྩིས་བཤེར་དག་ཐེར་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ཁག་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ཝང་ཝུའེ་ཏུང་། ཟླ་བ་ཚེ་རིང་། རྡོ་ཐོགས། ལིའུ་ཙེ་ཧུང་བཅས་ཞུགས་པ་རེད།

    ཚོགས་འདུའི་ཐོག རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་2021ལོའི་ལོ་འཁོར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་སྒོ་གཞན་དག་གི་གནས་ཚུལ་དང་དེ་བཞིན་2021ལོ་ཚུན་དུ་རྩིས་བཤེར་བྱེད་སྐབས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་ཚུལ་གྱི་སྙན་སེང་གསན་པ་མ་ཟད། ལྗོངས་ཡོངས་ཀྱི་རྩིས་བཤེར་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་སྐོར་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་རྩིས་བཤེར་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་དང་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་བསྟར་ཏེ་རང་རྟོགས་ངང་རྩིས་བཤེར་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། ཁྲིམས་ལྟར་རྩིས་བཤེར་བྱེད་རྒྱུ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ལྟ་སྐུལ་གྱི་མཉམ་ཤུགས་འདོན་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་རྩིས་བཤེར་ལས་དོན་ནན་པོས་སྐྱོང་རྒྱུར་སྐུལ་སྤེལ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཤུགས་དང་ལྡན་པའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་ཚུལ་ལ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་དང་གཙོ་གནད་རྣམ་གྲངས་དོན་འཁྱོལ་དང་། གཙོ་གནད་མ་དངུལ་འགན་ལེན། སྲིད་ཇུས་གལ་ཆེན་དོན་འཁྱོལ་བཅས་བྱས་ཚུལ་ལ་རྗེས་སྙེག་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གང་དུ་དོན་འཁྱོལ་བྱས་ཚེ་རྩིས་བཤེར་ལྟ་སྐུལ་དེ་གར་ཁྱབ་པ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པར་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་སྦབ་ཆ་གཅིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ལས་ཐོན་བསྐྱར་ཚུགས་ལ་རམ་འདེགས་ཧུར་ཐག་བཅས་བྱས་ཏེ་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ཀྲུང་དབྱང་གིས་ཐད་དཀར་བཏང་བའི་མ་དངུལ་དང་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་མ་དངུལ་དོ་དམ་དང་བེད་སྤྱོད་བྱེད་ཚུལ་ལ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཏོང་སྒོ་མགྱོགས་སུ་གཏོང་བ་དང་། སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། ངོ་བོ་གཏན་འཁེལ་དང་འབོར་ཚད་གཏན་འཁེལ་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས། འབོར་ཚད་གཏན་འཁེལ་གྱི་དཔྱད་ཞིབ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། སྔོན་རྩིས་ཀྱི་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནོར་སྲིད་མ་དངུལ་གྱི་ཕན་འབྲས་ནུས་ལྡན་ངང་འདོན་སྤེལ་ཐུབ་པ་བྱེད་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་དང་། ལས་གྲྭའི་སྤུས་ཚད་དང་བདེ་འཇགས། འཛུགས་སྐྲུན་ཚད་ལྡན་དོ་དམ་བཅས་ལ་དམིགས་ནས་མ་འཇོག་གལ་ཆེན་གྱི་རྩིས་བཤེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དུས་འགོའི་རྣམ་གྲངས་ལ་དམ་འཛིན་དང་། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་འཛུགས་པར་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་དག་ཐེར་བྱེད་པར་དམ་འཛིན། ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས་ཕན་འབྲས་ཐོན་པར་དམ་འཛིན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་དང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བར་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་བཟོ་ཡོད་པའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་གསལ་སྟོན་བྱེད་པར་སྣང་ཆེན་བྱས་ནས་འགལ་ཟླའི་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་བསལ་ཏེ་ཁུལ་ཁོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། དག་ཐེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་དག་ཐེར་བྱེད་ཐབས་དང་། དག་ཐེར་དུས་བཅད། དམིགས་ཚད་བླང་བྱ་བཅས་ཁ་གསལ་བཟོ་བ་དང་། ཞིབ་ཕྲའི་འགན་འཁྲིའི་ཚན་པ་དང་འགན་འཁུར་བ་ཁ་གསལ་བཟོས་ཏེ་རྣམ་གྲངས་རེ་རེ་བཞིན་ལ་དམ་འཛིན་ཏན་ཏིག་དང་དོན་དག་རེ་རེ་བཞིན་རྩིས་བསྡུར་ཐོ་སུབ་བྱས་ནས་གནད་དོན་དག་ཐེར་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྗེས་སྙེག་སྒྲུབ་སྐུལ་གྱི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། ལས་དོན་ཡག་པོ་མ་བསྒྲུབས་པའི་རིགས་ལ་དུས་ཐོག་ཏུ་སྐོང་འདྲི་དང་བརྡ་ཁྱབ་གཏོང་བ། འགན་འཛོལ་ཤོར་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་བྱེད་པ། ལས་ཀའི་མགོ་མཇུག་བར་གསུམ་ལ་དམ་འཛིན་བྱེད་པ། དཔེ་མཚོན་གྱི་ཉེན་ཟོན་སློབ་གསོའི་ནུས་པ་འདོན་པ་བཅས་བྱས་ནས་རྩིས་བཤེར་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་སྒམ་ནན་རང་བཞིན་ཆེ་རུ་གཏོང་དགོས། རྩིས་བཤེར་བྱས་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུང་ས་ནས་དམ་འཛིན། རྒྱུན་གཏན་ནས་དམ་འཛིན། དམ་འཛིན་ཞིབ་ཕྲ། ཟུར་བསྟན་ལེབ་མཐོང་དང་རྩ་ལག་མཉམ་བཅོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་བྱས་ཏེ་རྩིས་བཤེར་ལྟ་སྐུལ་དང་། དག་ཐེར། བཅོས་སྐྱོང་བཅས་ཟུང་འབྲེལ་དམ་ཚགས་ཡོང་བར་སྐུལ་འདེད་གཏོང་བ་དང་། གནད་དོན་གཅིག་དག་ཐེར་བྱས་ཕྱིན་ལམ་ལུགས་ཆ་སྒྲིག་གཅིག་འཐུས་སྒོ་ཚང་དུ་དང་སྐྱོན་ཆ་ཁག་གཅིག་གསབ་ཐུབ་པ་བྱས་ཏེ་རྩིས་བཤེར་ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཏང་གིས་རྩིས་བཤེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་རྩིས་བཤེར་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས་རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས་རྩིས་བཤེར་ལས་དོན་ལ་སྤྱི་འདོམས་འཆར་འགོད་དང་། སྤྱི་ཡོངས་ལ་སྐུལ་འདེད། དོན་འཁྱོལ་ལ་ལྟ་སྐུལ་སྐུལ་འདེད་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་འགོ་ཁྲིད་རྩིས་བཤེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་རྩིས་བཤེར་ལྟ་སྐུལ་གྱི་ནུས་ཕྱོད་ཆེ་ཤོས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།