དབུ་ཤོག>སྲིད་དོན།
  • ​ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-11-10

    381069ea-f856-4bb7-a91e-6ecbd6bdfc9c.jpg (1).jpg

    ཟླ་11ཚེས་8ཉིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་སྙན་ཞུའི་ཚོགས་འདུ་འཚོགས་ཡུལ་ཡིན་པ།

    ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་11ཚེས་8ཉིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཅན་ཤིན་གྱིས་སྒྲོག་འགྲེལ་སྙན་ཞུ་གནང་ཞིང་། བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི་བཅས་ཞུགས་པ་རེད།

    སྙན་ཞུའི་ཚོགས་འདུར། ཝང་ཅན་ཤིན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་། འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། གོ་རྟོགས་གསར་པ་བཅས་གཏོད་པའི་ལོ་རྒྱུས་ཀྱི་འགན་འཁྲི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་དམིགས་ཚད་དང་ལས་འགན། རང་ངོས་གསར་བརྗེ་རླབས་པོ་ཆེར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱེད་པའི་བླང་བྱ་གལ་ཆེན། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་བླང་བྱ་བཅས་ཕྱོགས་བདུན་གྱི་ཐད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་བརྒྱུད་རིམ་ལྡན་པ་དང་། གཙོ་གནད་འབུར་ཐོན། དོན་སྙིང་ཟབ་ལ་གོ་བདེ་བ་བཅས་ཀྱི་སྒོ་ནས་སྒྲོག་འགྲེལ་དང་གསལ་འགྲེལ་གནང་བ་རེད།

    ཝང་ཅན་ཤིན་གྱིས་སྒྲོག་འགྲེལ་སྙན་ཞུའི་ནང་གསུངས་དོན། “གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཀྱང་ཡིན་པས། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར། གདེང་ཚོད་བརྟན་དུ་དང་བློ་སེམས་གཅིག་མཐུན། དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་རེད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སྔར་བས་གཏིང་ཟབ་ཏུ་གཏོང་བ། སྔར་བས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་མུ་མཐུད་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་དེའི་ནང་ཁྱབ་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། རང་རྟོན་རང་ཚུགས་མཐའ་འཁྱོངས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཆ་ལག་ཚང་བའི་འདུ་ཤེས་མཐའ་འཁྱོངས། ཡིད་ལ་གནམ་འོག་འཆང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་དེའི་ཚིག་དོན་ཙམ་མ་ཟད་དེའི་དོན་སྙིང་སྔར་བས་ཤེས་རྟོགས་ཐུབ་པ་དང་། དེ་ཇི་ལྟར་ཡིན་ལུགས་རྟོགས་དགོས་ལ་དེ་ལྟར་ཡིན་པའི་གནས་ལུགས་ཀྱང་སྔར་བས་རྟོགས་ཐུབ་པར་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་གདེང་ཚོད་བརྟན་དུ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་ཁྱབ་བཀོད་འདོམས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྟོབས་ཤུགས་སྒྲིལ་ནས་སྤྱིའི་དམིགས་ཚད་དང་། སྤྱིའི་ཁ་ཕྱོགས། སྤྱིའི་བླང་བྱ་བཅས་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ་གཙོ་གནད་ཀྱང་མངོན་གསལ་དོད་པོ་ཡོང་བ་དང་། མིག་སྔར་གཞི་ཚུགས་དགོས་ལ་ཕུགས་ལའང་དམིགས་ནས་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་ཕན་འབྲས་ཐོན་པར་བྱེད་དགོས། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་མཐའ་འཁྱོངས་བཟུང་ནས་འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ཏུ་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་ཏན་ཏིག་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལས་བྱེད་པའི་དཔུང་ཁག་ལ་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པའི་འགན་ལེན་བྱེད་དགོས་པ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་བསྟར་བར་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཡོན་གཉིས་ལྡན་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ། “སྤྱོད་ཚུལ་ལ་བཤེར་བ་དང་། འགན་འཁྲི་བཤེར་བ། སྐྱོན་ཆ་བཤེར་བ། དོན་འཁྱོལ་བཤེར་བ”བཅས་ནང་དོན་གཙོ་བོར་བྱས་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་དང་། དམངས་ཆེད་སྲིད་བརྩོན། འགན་འཁྲི་འཁུར་ཕོད་པ། མཐུན་སྒྲིལ་ལས་སྒྲུབ། སྤྱོད་གཙང་གཞུང་དྲང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བཅས་ཀྱི་མིག་དཔེ་གཏོད་རྒྱུར་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས“ངེས་པར་དུ་བརྒྱད”ཐུབ་པ་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་བསྒྲུབས་ཏེ་ཕན་འབྲས་དངོས་ལ་བརྟེན་ནས་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ལ་ཤུགས་རྒྱག་པ་དང་། འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས། སྒྲོག་འགྲེལ་ཕྱོགས་ཡོངས་ལ་ཁྱབ་རྒྱུ་མཐའ་འཁྱོངས། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། དམངས་ཡོངས་ཀྱིས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དོན་འཁྱོལ་ཞིབ་ཚགས་དང་གཏིང་ཟབ་པོ་དང་ཏན་ཏིག་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་དང་བྱ་སྤྱོད་ལ་བརྟེན་ནས་སློབ་སྦྱོང་བྱས་ཏེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཁྲིད་སྟོན་བྱེད་དགོས།

    སྙན་ཞུའི་ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ལྷ་སར་ཚོགས་ར་གཙོ་བོ་བཙུགས་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་། རྫོང་དང་ཆུས། ཤང་དང་གྲོང་རྡལ། དོན་གཅོད་ཁྲུའུ་ཁག འབྲེལ་ཡོད་མཐོ་སློབ་བཅས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་པ་རེད།

    ཚེས་8ཉིན་གྱི་ཕྱི་དྲོ། ཝང་ཅན་ཤིན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕེབས་ནས་དགེ་སློབ་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤེལ་རེས་དང་སྒྲོག་འགྲེལ་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།