ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་གཅིག་སྡུད་སློབ་སྦྱོང་གཙོ་སྐྱོང་གནང་བ།
ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས། གོ་རིམ་ལྡན་པ་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱེད་དགོས།
ཚེས་5ནས་7ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་སློབ་ཚན་གཙོ་སྐྱོང་གནང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་རིམ་པ་ཁག་དང་འགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ཀྱི་ཐད་མུ་མཐུད་ཤུགས་རྒྱག་པ་དང་། ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་དང་། ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་གི་ཐོག་གཅིག་སྒྲིལ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ད་ཐེངས་ཀྱི་ལྟེ་བའི་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་དང་། མི་སྒེར་གྱི་རང་སྦྱོང་། བགྲོ་གླེང་སྤེལ་རེས་བཅས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་ཉིན་གསུམ་གྱི་དུས་ཚོད་སྤྱད་དེ་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚོགས་པ་རེད། ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝུའེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཀྱིས་རང་ངོས་ཀྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་བློའི་ངོས་འཛིན་དང་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་བ་རེད། སློབ་སྦྱོང་དང་བགྲོ་གླེང་གནང་བ་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཤེས་རྟོགས་དང་ཁོང་དུ་ཆུད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་ལེན་བསྟར་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་དང་། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་བཅས་བྱུང་སོང་ཞེས་ཚང་མས་མགྲིན་གཅིག་ཏུ་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ། རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཁ་ཕྱོགས་སུ་བྱེད་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་རྒྱུ་དེ་ཁྱབ་ཁོངས་དེ་བས་ཆེ་བ་དང་། ཁྱབ་རྒྱ་དེ་བས་ཆེ་བ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བཅས་བྱས་ནས། མ་འཇོག་རྒྱ་ཆེར་གཏོང་བ་དང་། རྣམ་གྲངས་ལ་དམ་འཛིན་བྱེད་པ། ཐོན་ལས་སྟོབས་ཆེར་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་བྱས་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་ཀྱིས་སྐྱེ་ཁམས་འདི་ཉིད་མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མངོན་མེད་སྟོབས་ཤུགས་ཆེ་ཤོས་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་དང་། ཕྱུག་འགྱུར་ལ་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་བཏོད་དེ་མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ་དང་། མིག་དཔེ་འདོན་པ། བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མཐའ་འཁྱོངས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་སྤྱོད་ཚུལ་དྲང་བདེན་མེད་པ་དེ་ང་ཚོའི་ལས་ཀའི་ཁྲོད་ཀྱི་དགྲ་བོ་ཆེ་ཤོས་ཡིན་པ་བློ་ལ་བརྟན་པོར་ངེས་ནས་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “མིག་དཔེ་དྲུག”དཔེ་སྟོན་ལག་བསྟར་བྱེད་པ། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས“ངེས་པར་དུ་བརྒྱད”བསྒྲུབ་རྒྱུར་སྐུལ་ཁྲིད་བྱེད་པ། ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། དོན་དངོས་ཀྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་བཤེར་བྱེད་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་གྲུབ་འབྲས་ལག་བསྟར་དོན་འཁྱོལ་ལ་ཞིབ་བཤེར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཏེ“འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོ་འཛུགས་པ་དང་། “ཕྱོགས་གཉིས་དམ་འཛིན་གྱིས་བར་ལ་སྣེ་ཁྲིད་བྱེད་པ” སྔོན་ཐོན་ལ་གཟེངས་བསྟོད་དང་རྗེས་ལུས་ལ་ཆད་གཅོད་བསླབ་འདོམས་བཅས་བྱས་ཏེ། སྒྲིག་ཁྲིམས་ནན་པོར་གཞིགས་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་མདུན་གྲལ་དུ་སྐྱོད་པའི་འགོ་ཁྲིད་ལས་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་དང་ལས་ཀའི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས། ལོ་མཇུག་གི་མཇུག་བསྡུའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། རིམས་ནད་ཕྱི་ནས་མི་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་ལས་དོན་ཁག་མཐའ་གཅིག་ཏུ་ཡག་པོ་བསྒྲུབ་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་བརྟན་དུ་བཏང་ནས་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གང་ཐུབ་གཏོང་དགོས། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་རྒྱུན་འཁྱོངས་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་རྣམ་གྲངས་ལ་བརྟེན་ནས་མ་འཇོག་ལ་སྐུལ་འདེད་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པ། དཔལ་འབྱོར་བརྟན་པོ་ཡོང་བར་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་སྲིད་ཇུས་འགའ་ཞིག་དོན་འཁྱོལ་ཞིབ་ཚགས་བྱེད་པ། ཁྲོམ་རའི་སྒུལ་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱེད་པ། འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭ་ཅན་གྱི་སྐུལ་འདེད་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་འབྲས་བཟང་ཤོས་ཐོབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣