དབུ་ཤོག>སྲིད་དོན།
  • བློ་མཐུན་ཀྲོའུ་ཧྲེ་ཅུན་ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-07

    འདི་ལོའི་ཟླ་8པར་རང་ལྗོངས་སུ་ས་གནས་དེ་རང་གི་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དཀའ་ངལ་ལ་མི་སྐྲག་པར་སྔོན་ལ་གདོང་མཆོང་དང་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་ལས་གནས་བརྟན་སྲུང་བྱས་ཏེ། བློས་གཏོང་དང་། ལེགས་སྐྱེས། མཐའ་འཁྱོངས། འབད་འབུངས་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། གཟི་བརྗིད་ཀྱི་བསམ་པ་བཅས་འཕེལ་གང་ཐུབ་དང་། བློ་སེམས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་གྱི་དྲང་ནུས་ཆེན་པོ་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། མང་ཚོགས། གཞོན་ནུ་བློ་མཐུན་བཅས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་ངར་ཤུགས་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཀྲོའུ་ཧྲེ་ཅུན་ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    ཀྲོའུ་ཧྲེ་ཅུན། སྐྱེས་པ། རྒྱ་རིགས། ཧོ་ནན་ཀུའུ་ཧྲི་རྫོང་གི་མི་ཡིན། 1984ལོའི་ཟླ་6པར་སྐྱེས། 2003ལོའི་ཟླ་12པར་ལས་ཀར་ཞུགས། 2011ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྐུ་འཚོ་བཞུགས་སྐབས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་ཀྲུའུ་རེན་དང་། རྒྱལ་ལམ་318ལམ་ཐིག་གྲོང་འཛུལ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་། རིམ་པ་གཉིས་པའི་ཉེན་རྟོག་དཔོན་བཅས་དང་། རིམ་པ་གསུམ་པའི་ཉེན་རྟོག་ལྟ་སྐུལ་པའི་གོ་ཐོབ་ལྡན་ཞིང་། 2022ལོའི་ཟླ་9ཚེས་16ཉིན་གྱི་ཐོ་རེངས་སུ། སྨར་ཁམས་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སུ་ལུས་པའི་རླངས་འཁོར་དང་མི་སྣ་ཛ་དྲག་ངང་བཀོད་གཏོང་བྱེད་སྐབས། ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་གློ་བུར་དུ་སྙིང་རྩ་འགགས་པའི་ནད་ཕོག་ནས་མྱུར་སྐྱོབ་གང་ཐུབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་38ལ་སླེབས་ཙམ་རེད། 

    བློ་མཐུན་ཀྲོའུ་ཧྲེ་ཅུན་གྱི་ཕུགས་བསམ་དང་དད་སེམས་བརྟན་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་དཀའ་སྤྱད་དངོས་སྒྲུབ་དང་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཏེ། བློས་གཏོང་བྱེད་ཕོད་པ་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་གྱི་ཡོད། ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་བཤད་བྱས་ཡོད། ཁོང་ནི་ལྗོངས་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་སྔོན་ཐོན་འཐུས་མི་ཞིག་རེད་ལ། དུས་སྐབས་གསར་པའི་ཏང་ཡོན་ལས་བྱེད་པས་ལས་གནས་བརྟན་སྲུང་དང་གནས་གཅེས་ལས་བརྩོན་གྱི་སྔོན་ཐོན་དཔེ་མཚོན་ཞིག་ཀྱང་རེད། དམག་ཞབས་ཐིམ་ནས་ལས་སྒྱུར་བྱེད་སྐབས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕ་ཡུལ་དུ་ལོག་ནས་ལས་ཀ་བྱེད་པའི་གོ་སྐབས་བློས་བཏང་སྟེ་མུ་མཐུད་ས་མཐོར་གཞིས་འཛུགས་རྒྱུའི་གདམ་ག་བྱས་ནས་མི་དམངས་ཉེན་རྟོག་པར་གྱུར། ལས་གནས་གསར་པར་སླེབས་མ་ཐག་ཁོང་གིས་ཉེན་རྟོག་པའི་ལས་དོན་ཁྲོད་ཞུགས་ཏེ། དུས་ཐུང་ནང་བོད་སྐད་ཧུར་ཐག་སྦྱངས་པས་བོད་སྐད་ཡག་པོ་ཤོད་ཐུབ། མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་བཅའ་ཁྲིམས་ཤོད་པ་དང་། སྲིད་ཇུས་གླེང་བ། འགལ་ཟླ་སེལ་བ། རྩོད་གཞི་སེལ་བ་བཅས་བྱས་པ་དང་མང་ཚོགས་ལ་ཁྲིམས་སྦྱོང་དང་། ཁྲིམས་རྟོགས། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་པས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། ཁོང་ནི་གྱོད་གཞི་སྒྲུབ་གཉེར་དང་། རྩོད་གཞི་འདུམ་འགྲིག བཅའ་ཁྲིམས་དང་སྲིད་ཇུས་དྲིལ་བསྒྲགས་བཅས་ལས་རིགས་སྣ་ཚོགས་འཇོན་མཁན་ཞིག་རེད། ཉེན་རྟོག་པ་བྱས་ནས་ལོ་11སོང་རིང་ཁོང་གིས་ཐོག་མཐའ་བར་གསུམ་དུ“ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་གཞུང་དྲང་། སྒྲིག་ཁྲིམས་ནན་པོ་སྲུང་བ”བཅས་ཀྱི་སྤྱིའི་བླང་བྱ་བློ་ལ་བརྟན་པོར་བཅངས་ནས་ལྷག་བསམ་རྣམ་དག་ངང་མི་དམངས་ཉེན་རྟོག་པའི་འགན་འཁྲི་སྒྲུབ་པ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ལས་ཀའི་ཨང་དང་པོར་བཞག ཁོང་གིས་སེམས་རྩ་འཁོལ་བ་དང་། ངང་རྒྱུད་རིང་བ། ཞིབ་ཚགས་པ་བཅས་ཀྱི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་ཞུགས་དམ་བཅའ་དང་ཉེན་རྟོག་པའི་དམ་བཅའ་ལག་ལེན་བསྟར་བས“སྤྱི་དོན་དུ་ཉེན་རྟོག་པའི་ལས་དོན་སྒྲུབ་པ་དང་དམངས་དོན་དུ་ཁྲིམས་འཛིན་རྒྱུ”དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། རང་ལྗོངས་སུ་རིམས་ནད་ཐོན་རྗེས་ཁོང་གིས་འཁོར་ཞག་བློས་བཏང་ནས་རང་འགུལ་ངང་འཐབ་ས་དང་པོ་བརྟན་སྲུང་བྱ་རྒྱུའི་རེ་བ་བཏོན། ཁོང་གིས་ཕྱིར་བཤོལ་གཏན་ནས་མི་རྒྱག་པར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་འདོམས་བཀོད་གཏོང་ནང་ཞུགས་ནས་དེ་གར་ལུས་པའི་འཁོར་རིགས་དང་མི་སྣ་བོད་ནས་སི་ཁྲོན་དང་ཡུན་ནན་དུ་སྐྱོད་མཁན་བསྡོམས་རྩིས་དང་ཁ་འགྲེམས་སོགས་ཀྱི་ལས་ཀར་ཞུགས། རིམས་ནད་ཐོན་རིང་མང་ཚོགས་ཀྱི་རེ་འདུན་སྣ་ཚོགས་ལ་དམིགས་ཏེ་ཁོང་གིས་རང་འགུལ་ངང་ལག་ཐོགས་ཁ་པར་གྱི་ཨང་གྲངས་ཚང་མར་སྤྲད་དེ་མང་ཚོགས་ལ་བཟའ་རིགས་མི་འདང་བ་དང་། ཡུལ་སྐོར་བའི་འགྲོ་སྐྱོད་ལ་འགོག་རྐྱེན་འཕྲད་པ། ནད་པ་འཕྲལ་མར་སྨན་བཅོས་བྱེད་དགོས་པ། སློབ་མ་དུས་ཐོག་ཏུ་སློབ་གྲྭར་ལོག་དགོས་པ་སོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པས་མང་ཚོགས་ཚོའི་ཁས་ལེན་དང་བསྔགས་བརྗོད་ཐོབ། ཁོང་གིས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཤིང་། ཕ་མ་དང་ཁྱིམ་ཚང་ལ་བཅངས་པའི་བརྩེ་སེམས་དང་སེམས་ཁྲལ་ལས་ཀའི་སྒུལ་ཤུགས་སུ་འགྱུར་བར་བྱས་ནས་ལང་ཚོ་དང་ཁྲག་དྲོན་གངས་ལྗོངས་ས་མཐོར་ལེགས་སྐྱེས་སུ་ཕུལ་ཏེ་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་མི་ཚེའི་རིན་ཐང་མངོན་པར་བྱས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གཞོན་ནུ་བློ་མཐུན་ཚང་མས་བློ་མཐུན་ཀྲོའུ་ཧྲེ་ཅུན་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་དོན། ཏང་ལ་ལྷག་བསམ་རྣམ་དག་དང་དད་སེམས་བརྟན་པོ་བཅངས་ནས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་ཁོང་གི་བླ་ན་མེད་པའི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས་པ་དང་། དམིགས་ཡུལ་སེམས་ལ་བརྟན་པོར་འཆང་བ་དང་མང་ཚོགས་ལ་བརྩེ་སེམས་བཅངས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། མི་དམངས་མང་ཚོགས་རང་ཉིད་ཀྱི་གཉེན་ཉེར་བརྩི་བ་དང་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་པ་དང་འགན་འཁྲི་ཕྲག་ཏུ་འཁུར་བའི་ཁོང་གི་བརྩེ་སེམས་ལ་སློབ་སྦྱོང་བྱེད་དགོས་པ། དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་། འགན་འཁྲི་ཆེན་པོ་འཁུར་བ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་དཀའ་སྤྱད་འབད་འཐབ་དང་བྱས་རྗེས་འཇོག་པ། འགག་རྩའི་དུས་དང་ཉེན་ཁའི་དུས་སུ་རང་སྲོག་བློས་གཏོང་ཐུབ་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། ཏང་དང་མི་དམངས་ཀྱི་བློ་དཀར་སེམས་དཀར་གྱི་སྐུ་སྲུང་པ་ཞིག་བྱེད་པ་བཅས་ཀྱི་ཁོང་གི་འགན་འཁྲི་འཁུར་སེམས་ལ་སློབ་སྦྱོང་བྱེད་དགོས་པ། རང་གཅུན་ནན་པོ་དང་ལེགས་སྐྱེས་འབུལ་སྤྲོ་བ་དང་དུས་དང་རྣམ་པ་ཀུན་ཏུ“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ལག་ལེན་བསྟར་བའི་ཁོང་གི་སྤྱོད་ཚུལ་བཟང་པོར་སློབ་སྦྱོང་བྱེད་དགོས་པ་བཅས་རེད།

    ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། གཞོན་ནུ་བློ་མཐུན་བཅས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་། སྔོན་ཐོན་དཔེ་བཟང་བ་མེ་ལོང་དུ་འཛིན་པ་དང་སྔོན་ཐོན་དཔེ་མཚོན་ལ་མིག་ལྟོས་བྱེད་པ། རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་སྔོན་གཏོད་ལེགས་བརྩོན་ཧུར་ཐག་བྱེད་པ། ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་དཔྱད་ཐུབ་པའི་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ནས“འཛུགས་གཏོད་བཞིར”སྐུལ་འདེད་ཧུར་ཐག་གཏོང་བ་དང་། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་ཐུབ་པ་བྱས་ཐོག་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།