ཚེས་5ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷུན་གྲུབ་རྫོང་དུ་ཕེབས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སློབ་གྲྭའི་དྲོད་རླངས་མཁོ་འདོན་ལས་གྲྭ་དང་ས་བབ་མཐོ་བའི་གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་ཀྱི་ཚོད་ལྟའི་ལས་གྲྭར་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་ས་གནས་ས་ཐོག་ཏུ་སྤེལ་རེས་གནང་བ་དང་འབྲེལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ཡང་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་བརྟག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད།
ཡན་ཅིན་ཧའེ་སྔ་རྗེས་སུ་ལྷུན་གྲུབ་རྫོང་སློབ་འབྲིང་དང་། ཕུ་མདོ་ཤང་ལྟེ་བའི་སློབ་ཆུང་། ངར་ནང་ཤང་ལྷ་ཁང་གྲོང་ཚོའི་བུ་བཅོལ་ཁང་བཅས་སུ་ཕེབས་ནས་སློབ་ཁང་དང་། ཉལ་ཁང་། ཟ་ཁང་བཅས་ལ་གཟིགས་ཞིབ་གནང་བ་མ་ཟད། སློབ་གྲྭའི་དྲོད་རླངས་མཁོ་འདོན་སྒྲིག་ཆས་ཉོ་སྒྲུབ་དང་། དྲོད་རླངས་མཁོ་འདོན་གྱི་ཕན་འབྲས། དྲོད་རླངས་མཁོ་འདོན་གྱི་བདེ་འཇགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཁར། “གནད་དོན་ལ་དབྱེ་ཞིབ་བྱེད་པའི”བྱ་ཐབས་བརྒྱུད་ལྗོངས་ཡོངས་ཀྱི་སློབ་གྲྭའི་དྲོད་རླངས་མཁོ་འདོན་ལས་གྲྭའི་འཕེལ་རིམ་གནས་ཚུལ་ཐད་ས་གནས་ས་ཐོག་ཏུ་བཀོད་གཏོང་གནང་ཞིང་། ཁོང་གིས་སློབ་གྲྭའི་དྲོད་རླངས་མཁོ་འདོན་ལས་གྲྭ་ནི་ལྗོངས་ཏང་ཨུད་ཀྱིས་དམིགས་སུ་བཏོན་པའི“དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི”གྲས་ཤིག་ཡིན་ལ། འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་པའི་བརྗིད་ཆེའི་དམ་བཅའ་ཞིག་དང་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་དམངས་འཚོའི་བྱ་བ་དངོས་ཤིག་ཀྱང་རེད། དཀའ་ངལ་ཇི་ཙམ་ཆེ་ཡང་སློབ་གསོའི་དཀའ་ངལ་ཐག་གཅོད་བྱས་ནས་སློབ་མ་གཅིག་ཀྱང་མི་འཁྱགས་པ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐབས་བརྒྱ་ཇུས་སྟོང་ངང་སློབ་གྲྭའི་དྲོད་རླངས་མཁོ་འདོན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་བྱ་བ་བཟང་པོ་དང་བྱ་བ་དངོས་ཡག་པོ་སྒྲུབ་དགོས། ལྷུན་གྲུབ་རྫོང་གི་སློབ་གྲྭ་ཁག་ཏུ་རྩ་བའི་ཆ་ནས་དྲོད་རླངས་མཁོ་འདོན་ཐུབ་པ་མཁྱེན་རྗེས། ཡན་ཅིན་ཧའེ་ཡིས་དུས་རབས་གསར་པའི་ལོ་བཅུའི་རིང་། བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། སྲོག་ཤིང་གི་སྟོབས་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་ཁྱད་འཕགས་ལས་ཐད་ཀར་མངོན་གྱི་ཡོད། “གཏན་འཁེལ་གཉིས”ནི་དམངས་སེམས་ཕྱོགས་ས་དང“སྲུང་སྐྱོང་གཉིས”ནི་དམངས་ཀྱི་རེ་བའང་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་དེ་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་རྗེས་སུ་དམ་པོར་འབྲངས་ཚེ་ང་ཚོར་སྟོབས་ཤུགས་དང་ཁ་ཕྱོགས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་སྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་ཚེ་དེ་བས་ལེགས་པའི་འཚོ་བ་སྐྱེལ་ཐུབ་ཅེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས་ད་དུང་ས་བབ་མཐོ་བའི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནས་ཚུལ་གྱི་སྙན་སེང་གསན་པ་མ་ཟད། ལྷ་ཁང་གྲོང་ཚོའི་མང་ཚོགས་སྟོབས་རྒྱལ་གྱི་ཁྱིམ་དུ་ཕེབས་ཏེ་འཐུང་ཆུ་དང་། སྡོད་ཁང་གི་གནས་ཚུལ། འབྲུ་རིགས་བཀར་འཇུག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། སྟོབས་རྒྱལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་དམངས་ཕན་སྲིད་ཇུས་མང་པོ་བཏོན་ཡོད་པས། ཚང་མས་སླད་ཕྱིན་གྱི་འཚོ་བར་རེ་སྒུག་ཆེན་པོ་བྱེད་བཞིན་འདུག་ཅེས་ཞུས། ཡན་ཅིན་ཧའེ་ཡིས་འབྲེལ་ཡོད་སྡེ་ཚན་ཁག་གིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་། ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་སོགས་ཀྱི་ལས་དོན་མུ་མཐུད་དམ་འཛིན་ཡག་པོ། ཏང་གི་དམངས་ཕན་སྲིད་ཇུས་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་ཡུལ་མི་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།