དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)དགེ་རྒན་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-05

    b24ea50a-9973-46c9-89d0-9ecdc29be41a.jpg.jpg

    ཟླ་11ཚེས་2ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)དགེ་རྒན་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་དོན་ཁག་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ་དུས་རབས་གསར་པའི་ཏང་གི་སློབ་གྲྭའི་སློབ་གཉེར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    ཟླ་11ཚེས་2ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)དགེ་རྒན་དང་བཞུགས་མོལ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། དབང་ཧའེ་ཀྲོའུ། ཟླ་བ་ཚེ་རིང་བཅས་ཞུགས་ཡོད་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཞུང་ཀང་དབྱིས་དང་། ཧྥང་ཡུས་གོ ཝང་གོ་ཝུན། ཝང་ཆིང་ཤན། བཀྲ་ཤིས་སྟོབས་རྒྱལ། ཚེ་རིང་རྡོ་རྗེ། ཧོ་མའོ་ཡུན། ཝང་ཡའོ་ཆང་སོགས་བློ་མཐུན་གྱིས་རང་འཁྲིའི་ལས་ཀ་དང་དེ་བཞིན་ཞིབ་འཇུག་ཁྱབ་ཁོངས་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་། ཞིབ་འཇུག་གསལ་འགྲེལ། ལག་བསྟར་དོན་འཁྱོལ་བཅས་ཡག་པོ་བྱས་ནས།  དུས་རབས་གསར་པའི་བོད་ཀྱི་ཏང་གི་སློབ་གྲྭའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཚུལ་སྐོར་སྙན་སེང་ཞུས་པ་དང་མྱོང་ཚོར་ལྷུག་པོར་གླེང་བ་རེད། ཝང་ཅུན་ཀྲེང་གིས་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད། རང་འགུལ་ངང་བསམ་འཆར་དང་གྲོས་འགོ་བསྡུ་ལེན་དང་ཚང་མ་དང་མཉམ་དུ་སྤེལ་རེས་གཏིང་ཟབ་གནང་བས་བཞུགས་མོལ་ཚོགས་འདུའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནི་དར་ཆ་གསལ་སྟོན་དང་། བརྗོད་དོན་མངོན་གསལ་དོད་པ། ཚུགས་གནས་མཐོ་བ། གཟིགས་རྒྱང་རིང་བ། གཞུང་འཁྱོངས་གསར་འབྱེད། གསར་འབྱེད་ཡར་བརྩོན་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། དེ་ནི་ཏང་དང་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད་ལ། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་གི་སློབ་གྲྭས་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་ཤུགས་རྒྱག་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་ཏན་ཏིག་གཏོང་བ། གསོ་སྦྱོང་དང་རེས་སྐོར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲོག་འགྲེལ་གཏིང་ཟབ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོར་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། བློ་གྲོས་དང་སྟོབས་ཤུགས་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་སྒྲིལ་བྱེད་པར་ཁྲིད་སྟོན་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་བཅས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་ལེན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་ཏང་གི་སློབ་གྲྭའི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་སློབ་གྲྭའི་སློབ་གཉེར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོ་ཤུགས་ཆེར་གཏོང་བར་ཤུགས་ངོ་མ་རྒྱག་དགོས། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་སྐོར་གྱི་སློབ་གསོ་དེ་ལས་བྱེད་པ་གསོ་སྦྱོང་གི་ལས་འགན་ཨང་དང་པོར་བརྩིས་ཏེ། གཙོ་འགན་གཙོ་ལས་ཁོང་དུ་བརྟན་པོར་ཆུད་པ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གཙོ་གནད་མངོན་གསལ་དོད་པོས་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། བརྒྱུད་རིམ་ལྡན་པའི་སློབ་སྦྱོང་འཆར་གཞི་བཟོ་བ། ཆེད་དོན་བཏོན་ནས་ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱེད་པ། ཕྱོགས་རེ་བའི་ཞིབ་འཇུག་དང་བརྟག་དཔྱད་གཏིང་ཟབ་མི་བྱེད་པའི་རིགས་སྔོན་འགོག་བྱེད་པ། སློབ་སྦྱོང་སྔོན་ལ་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་བཅས་བྱས་ནས། ཆབ་སྲིད་ཀྱི་ནུས་པ་དང་། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད། ལས་ཀའི་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དམིགས་ཡུལ་ཅན་དང་། མང་ཚོགས་ཁག་བགོས་ཅན། མཉམ་འགུལ་ཅན་བཅས་ལ་སྣང་ཆེན་གྱིས་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱོད་མཁས་པོ་བྱས་ནས། དྲིལ་བསྒྲགས་དང་སྒྲོག་འགྲེལ་ལས་དོན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། སྟབས་བདེ་ཅན་དང་ཕྱི་ཚུལ་རིང་ལུགས་བཀག་འགོག་བྱེད་པ། ཡག་པོ་ཤོད་ཐུབ་པ་དང་། གོ་ཐུབ་པ། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དུ་སྤེལ་བ་དང་མི་སེམས་ལ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས།

    དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ཤུགས་ཏན་ཏིག་རྒྱག་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་དམ་ཟབ་ཀྱིས“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་གཞི་ཚུགས་ནས་ཏང་གི་སློབ་གྲྭའི་སློབ་ཁྲིད་དང་། ཚན་ཞིབ། སྲིད་དོན་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བར་བསམ་གཞིག་དང་། འཆར་འགོད་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། སྒྲོག་འགྲེལ་སློབ་ཁྲིད་ཀྱི་ཡིད་དབང་འཕྲོག་ཤུགས་དང་། ཡིད་དབང་འགུག་ནུས། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་ཧུར་ཐག་བཏང་སྟེ། སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། དུས་རབས་ཀྱི་འཕེལ་རྒྱས་དང་འཚམ་པ། སློབ་གཉེར་གྱི་ཁྱད་ཆོས་མངོན་པ། གསར་གཏོད་བརྩོན་ལེན་གྱི་དམིགས་ཚད་ལ་དམིགས་པ་བཅས་བྱས་ནས་རིག་ཚན་བཀོད་སྒྲིག་དང་། གསོ་སྦྱོང་བྱེད་ཐབས། སློབ་ཁྲིད་ཀྱི་སྤུས་ཚད། སློབ་ཚན་མ་ལག སློབ་གྲྭའི་ཁོར་ཡུག དོ་དམ་ལམ་ལུགས་སོགས་འཕེལ་རྒྱས་དང་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ལེགས་ལྡན་ཁྱད་ལྡན་གྱི་རིག་ཚན་སྟོབས་ཆེར་གཏོང་བ་དང་སློབ་ཁྲིད་ཚན་ཞིབ་ཀྱི་སྤྱིའི་ཆུ་ཚད་མཐོ་རུ་གཏོང་དགོས།

    ཤེས་ལྡན་མི་སྣར་བརྟེན་ནས་སློབ་གྲྭ་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དགེ་རྒན་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་ཆེན་པོ་རྒྱག་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས“གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད། སེམས་གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱས་ནས། གནས་སྦྱར་སྦྱོང་བརྡར་དང་ལག་ལེན་བརྟག་ཞིབ་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཐབས་ལེགས་སུ་བཏང་སྟེ་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། ཀྲུང་དབྱང་ཏང་གི་སློབ་གྲྭའི་བོད་སྐྱོར་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ནང་སའི་ཏང་གི་སློབ་གྲྭ་དང་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ནས་དོན་དངོས་དང་མཐུན་པའི་ཤེས་ལྡན་མི་སྣའི་དཔྱད་བསྡུར་གཏན་འབེབས་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་དགོས། ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་བྱེད་ཐབས་ཐོག་ནས“བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་གི་འགན་འཁྲིར་ཤུགས་སྣོན་རྒྱག་པ། ན་གཞོན་དགེ་རྒན་ཚོས་སྔོན་ཐོན་གྱི་སློབ་ཁྲིད་བྱེད་སྟངས་སློབ་སྦྱོང་དང་སློབ་ཁྲིད་ཉམས་མྱོང་གསོག་འཇོག་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ན་གཞོན་དགེ་རྒན་ཚོ་གང་མགྱོགས་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བ་བྱེད་དགོས། ཤེས་ལྡན་མི་སྣར་གཟིགས་སྐྱོང་དང་ཞབས་ཞུའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས། ཤེས་ལྡན་མི་སྣའི་སེམས་ཁྲལ་ཧུར་ཐག་སེལ་བ་དང་། བརྩེ་སེམས་དང་། ཐོབ་ཆ། བྱ་གཞག་བཅས་ལ་བརྟེན་ནས་ཤེས་ལྡན་མི་སྣའི་སེམས་གནས་ཐུབ་པར་བྱས་ཏེ་ཤེས་ལྡན་མི་སྣ་བོད་དུ་གཞི་ཚུགས་ཐུབ་པ་དང་། ནུས་པ་འདོན་ཐུབ་པ། འཇོན་ཐང་ངོམ་ཐུབ་པ་བཅས་བྱ་ཆེད་ལས་ཀ་དང་འཚོ་བའི་ཆ་རྐྱེན་བཟང་པོ་ཞིག་གཏོད་དགོས།

    སློབ་གྲྭ་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྲོལ་དང་སློབ་གྲྭའི་སྤྱོད་ཚུལ་ནན་དུ་གཏོང་བར་ཤུགས་ལྷོད་མེད་རྒྱག་དགོས། སློབ་སྦྱོང་གི་སྤྱོད་ཚུལ་དང་། བབ་ཆགས་ཀྱི་སྤྱོད་ཚུལ། སྤྱོད་གཙང་གི་སྤྱོད་ཚུལ་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་སློབ་ཁྲིད་ནན་པོ་བྱེད་པ་དང་། རིག་གཞུང་འཚོལ་ཞིབ་ལ་བཀག་རྒྱ་མེད་པ་དང་འཆད་སྟེགས་ལ་སྒྲིག་ཁྲིམས་ཡོད་པ་མཐའ་འཁྱོངས་བྱེད་པ། སློབ་ཁྲིད་ཚན་ཞིབ་ཀྱི་ཆབ་སྲིད་འགག་སྒོ་ནན་པོར་སྲུང་བ་བཅས་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་དགོས། སློབ་གཉེར་ནན་སྐྱོང་གིས་སློབ་གྲྭའི་སྤྱོད་ཚུལ་དང་སློབ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སློབ་མ་ཚོས་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་། འཇིགས་བཀུར་ཤེས་པ་དང་། དོགས་ཟོན་དང་དངངས་སྐྲག་ལྡན་པ། མཐའ་ཚད་སྲུང་བ་བཅས་བྱེད་དགོས། དོ་དམ་ནན་པོ་བྱས་ཏེ་ལམ་ལུགས་ལ་བརྟེན་ནས་སློབ་གྲྭ་དང་། མི། བྱ་བ་བཅས་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་སློབ་གྲྭ་ནན་སྐྱོང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སློབ་གཉེར་ཆུ་ཚད་ཐོག་ནས་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།