དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-04

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ཡུན་རིང་བདེ་འཁོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་སྒྲུབ་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་དང་། བརྟན་ལྷིང་སྲུང་སྐྱོང་། འདུ་ཤེས་འཛིན་སྟངས། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ལས་དོན་སྙན་ཞུ་བཅས་གསན་པ་དང་འབྲེལ། མིག་སྔའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། འདི་ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བརྟན་ལ་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་གཏོད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོད་པ་བཅས་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། སེམས་ཤུགས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་བཅས་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་གྱི་གཞི་གདན་སྤྱི་ཡོངས་བརྟན་པོ། གྲོང་མིའི་ཡོང་འབབ་རྒྱུན་མཐུད་འཕར་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཕན་འབྲས་ཐོན་པ། གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ། འཇོན་ནུས་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་འཛུགས་པ་བཅས་ལས་དོན་ཁག་བརྟན་པོའི་ངང་སྤེལ་བ་དང་སྤུས་ཚད་མཐོ་རུ་བཏང་ཡོད། ལྷག་པར་དུ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བ་མཐའ་འཁྱོངས། “སྐབས་བསྟུན་གཙང་བཟོར”གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་པ་དང་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་གང་ཐུབ་བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད། “གཏན་འཁེལ་གཉིས”ནི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་པའི་རྩ་བའི་འགན་ལེན་ཞིག་ཡིན་པར་སྔར་བས་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་སྔར་བས་ཚོར་ཐུབ་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ལ་ཤུགས་རྒྱག་པ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་ཤུགས་རྒྱག་པ། དེའི་ནང་འདུས་པའི་མར་ཁེ་སི་རིང་ལུགས་ལངས་ཕྱོགས་ཀྱི་ལྟ་བ་དང་བྱེད་ཐབས་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ། རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བ་བཅས་བྱས་ཏེ། ཕན་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་ལས་དོན་ཁག་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་དགོས། “སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། གནད་འཁེལ། ནན་པོ། ནུས་ལྡན་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ། རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ཀྱི་བླང་བྱ་ལྟར། “ཕྱོགས་བཞིའི་འགན་འཁྲི”དང“སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བློ་ཐག་ཆོད་པོས་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ཏེ། སྤྱི་ཚོགས་ཐོག་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་པ་དང“ཚོད་འཛིན་ཐུབ་པ”དང“ལྷུག་གཏོང་ཐུབ་པ”གཅིག་གྱུར་ནུས་ལྡན་བྱས་ཏེ། སྔར་བས་གནད་འཁེལ་གྱི་སྒོ་ནས“ཚོད་འཛིན”ཏན་ཏིག་ཐུབ་པ་དང་སྔར་བས་རང་འགུལ་གྱི་སྒོ་ནས“ལྷུག་གཏོང”ཐུབ་པ་བྱས་ནས། མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་མཐོ་རུ་ནུས་ལྡན་གཏོང་བའི་ཐད་ཤུགས་རྒྱག་པ་དང་། འགལ་བ་དང་རྩོད་གཞིའི་ཉེན་ཁ་གྲལ་བཤེར་དང་འདུམ་འགྲིག་གཏིང་ཟབ་བྱེད་པ། ཁ་ཕྲལ་གཏོར་བཤིག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ། མི་རིགས་ཆོས་ལུགས་ལས་དོན་ཏན་ཏིག་སྒྲུབ་པ། དུས་བདེ་འཛུགས་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ། གཞི་རིམ་གྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་བཅས་ཀྱི་ཐོག་ནས་ལས་དོན་རྒྱུན་དུ་སྒྲུབ་པ་དང་གཞི་རིམ་དུ་བསྒྲུབས་ཏེ་ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ། ངོ་འཕྲད་གདོང་ཐུག་ངང་མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་ཉན་པ་དང་། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་དཀའ་ངལ་སེལ་བ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཐད་སེམས་ཁུར་མང་ཙམ་བྱེད་པ། མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་རྒྱག་པའི་ཐད་སེམས་ནུས་མང་ཙམ་འདོན་པ། མང་ཚོགས་སྒྲིག་འཛུགས་དང་གཅིག་སྡུད་བྱེད་པའི་ཐད་ནུས་ཤུགས་མང་ཙམ་འདོན་པ་བཅས་བྱས་ནས། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མང་ཚོགས་ཀྱི་སེམས་ནང་ཚོར་བ་བྱས་ཏེ། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་ནས་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་གཞི་རིམ་དུ་དོན་འཁྱོལ་བྱེད་དགོས། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་བཅངས་ཏེ། སྤྱོད་ཚུལ་ལེགས་པོ་མེད་པ་དེ་ང་ཚོའི་ལས་ཀའི་ཁྲོད་ཀྱི་དཀའ་གནད་ཆེ་ཤོས་ཡིན་པ་ཤེས་པར་བྱས་ཏེ། སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”དང་། དམངས་དོན་སྲིད་བརྩོན། འགན་འཁྲི་འཁུར་ཕོད་པ། མཐུན་སྒྲིལ་ལས་སྒྲུབ། སྤྱོད་གཙང་གཞུང་དྲང་། ཏང་ལ་དོ་དམ་དང་ཏང་སྐྱོང་བ་བཅས་ཀྱི་མིག་དཔེ་སྟོན་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ལས་ཀའི་འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་པོ་ཡིན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ནས་བྱ་བ་སྒྲུབ་བསམས་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཤེས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།