དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-02

    17b5fc91-566b-4936-a164-e10cefa5adcd.jpg.jpg

    ཟླ་10ཚེས་31ཉིན། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་འགོ་མ་ཚུགས་གོང་ཚོགས་ཞུགས་འཐུས་མི་དང་མཇལ་འཕྲད་གནང་བཞིན་པ།

    བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཟླ་10ཚེས་31ཉིན། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་འགོ་མ་ཚུགས་གོང་ཚོགས་ཞུགས་འཐུས་མི་དང་མཇལ་འཕྲད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀྲོང་ཡན། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་། ཐང་མིང་དབྱིང་། རྡོ་རྗེ་ཚེ་སྒྲུབ་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་མཚམས་འདིར། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་གཟབ་རྒྱས་ངང་འཚོགས་པ་དེ་ནི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་དམངས་གཉེར་དཔལ་འབྱོར་མི་སྣའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དེ་བས་ཀྱང་ཡིན་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་དམངས་གཉེར་དཔལ་འབྱོར་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། གྲོལ་མ་ཐག་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་བརྗིད་ཆེའི་འཆར་གཞི་བཀོད་ཡོད།

    ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་དམངས་གཉེར་དཔལ་འབྱོར་མི་སྣས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ལ་མུ་མཐུད་འབད་བརྩོན་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ཏེ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་རྒྱག་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དམངས་གཉེར་ཁེ་ལས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ། དེ་བས་ནུས་ལྡན་གྱི་བྱ་ཐབས་དང་དེ་བས་རྣམ་འགྱུར་བརྟན་པའི་ཐོག་ནས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བཅས་བྱེད་པ། དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་གདོང་ལེན་བརྩོན་ལེན་དང་བྱས་རྗེས་འཇོག་དགོས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣ་དང་དམངས་གཉེར་ཁེ་ལས་ཀྱིས“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རང་རྟོགས་ངང་རང་ངོས་དང་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་སྔར་བས་ཟུང་འབྲེལ་དམ་ཟབ་བྱེད་པ། ཐོན་ལས་འཕེལ་རྒྱས་དང་། ཚོང་འགུགས་མ་འདྲེན། ལས་ཞུགས་བསྡུ་ལེན། གྲོང་གསེབ་དར་རྒྱས་ལ་སྐུལ་གཏོང་། ཐུན་མོང་ཕྱུག་འགྱུར་ལ་རམ་འདེགས་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་པ་བཅས་བྱས་ནས། རྒྱལ་གཅེས་ལས་བཀུར་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་དཔེ་མཚོན་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། “དམངས་གཉེར་དཔལ་འབྱོར་མི་སྣའི་ཁྱིམ་ཚང”ཡག་པོ་གཏོད་པ་དང་། དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བའི“སྙིང་ཉེ་བ”ཡག་པོ་ཞིག་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣར་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་འཇོག་པ། འཕར་རྒྱུ་འགན་ལེན་དང་། ལས་ཞུགས་བརྟན་པོ། གྲུབ་ཆ་ལེགས་སྒྲིག གསར་གཏོད་ལ་སྐུལ་གཏོང་བཅས་ལ་བྱས་རྗེས་ཧུར་ཐག་འཇོག་པ། ཆབ་སྲིད་ལ་བརྟེན་ནས་ལྷན་ཚོགས་འཛུགས་སྐྱོང་དང་། མཐུན་སྒྲིལ་ལ་བརྟེན་ནས་ལྷན་ཚོགས་འཛུགས་པ། ཞབས་ཞུར་བརྟེན་ནས་ལྷན་ཚོགས་དར་རྒྱས་གཏོང་བ། སྒྱུར་བཅོས་ལ་བརྟེན་ནས་ལྷན་ཚོགས་སྟོབས་ཆེར་གཏོང་བ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བར་བྱས་རྗེས་ཧུར་ཐག་འཇོག་པ། རང་འགན་ནན་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས། རྒྱང་ལམ་གསར་པར་འབད་འབུངས་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་དམངས་གཉེར་དཔལ་འབྱོར་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཐོག་མཐའ་བར་གསུམ་དུ“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་དང་ཐག་གཅོད་ཧུར་ཐག་བྱེད་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཕན་པའི་ཁྲོམ་ར་དང་། སྲིད་ཇུས། ཁྲིམས་སྐྱོང་བཅས་ཀྱི་ཁོར་ཡུག་ཅིག་ཆགས་རྒྱུར་སྔར་བས་སྐུལ་འདེད་གཏོང་བ། སྙིང་ཉེ་ལ་ཚད་གཞི་ཡོད་པ་དང་སྤྱོད་པ་གཙང་ལས་རྗེས་ཐོན་པའི་སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་ཕྱོགས་ཡོངས་ནས་འཛུགས་པ། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    ཀྲོང་ཡན་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཐོག་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་ཞུགས་འཐུས་མི་དང་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཚོང་ཚོགས་ཁྲོད་དྲིལ་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་མ་ཟད། སྐབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་འགོ་ཁྲིད་ཚན་ཁག་གིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཚོང་ཚོགས་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། ལག་བསྟར་ཨུ་ལྷན་དང་རྒྱུན་ལས་ཨུ་ལྷན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དུས་རབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།