དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆི་བོད་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་འགན་ལེན་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-01

    ཟླ་10ཚེས་28ཉིན། རྒྱལ་ཡོངས་ཀྱི་ད་ལོའི་དགུན་ཁའི་དྲོད་སྲུང་མཁོ་འདོན་འགན་ལེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་རང་ལྗོངས་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད། རྒྱལ་ཁབ་ཀྱི་ཚོགས་འདུ་འཚོགས་རྗེས་ཁྲེན་ཡུང་ཆིས་འཕྲལ་མར་རང་ལྗོངས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཁབ་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་བ་དང་རང་ལྗོངས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་སླར་ཡང་བཀོད་སྒྲིག་གནང་བ་རེད།

    ཁྲེན་ཡུང་ཆིས་གསུངས་དོན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་འགན་ལེན་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ནུས་རྒྱུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། “རིམས་ནད་སྔོན་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་གལ་ཆེན་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལས་ཀའི་དགོས་གཏུགས་བསམ་པ་དང་། འགན་འཁྲི་འཁུར་སེམས། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ལྡན་ངང་སྤྱི་འདོམས་བཅས་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་འགན་ལེན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། དུས་བབ་གསལ་རྟོགས་བྱས་ནས་ནུས་རྒྱུ་མཁོ་འདོན་འགན་ལེན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་ཤུགས་མཁོ་འདོན་འགན་ལེན་ཇུས་གཞིའི་གཏན་འབེབས་ལྟར། ལོ་འཁོར་གྱི་ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་རྒྱུར་ལྷོད་གཡེང་མི་གཏོང་བར་ཐབས་བརྒྱ་ཇུས་སྟོང་ངང་དུས་ཚོད་དང་། ལས་ཡུན། མྱུར་ཚད་བཅས་ལ་དམ་འཛིན་བྱས་ཏེ། གློག་ཁུངས་འཛུགས་སྐྲུན་དང་གློག་དྲ་ཞིབ་བཤེར་ཉམས་བཟོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྣུམ་རླངས་དང་རྡོ་སོལ་མཁོ་འདོན་འགན་ལེན་ལས་དོན་གཅིག་འདོམས་ངང་ཡག་པོ་སྒྲུབ་པ། དམངས་འཚོ་དང་། འཕེལ་རྒྱས། བདེ་འཇགས་བཅས་འགན་ལེན་བྱས་ནས། གློག་ཁུངས་འཛུགས་སྐྲུན་དུས་བཀག་ལྟར་ཐུབ་པ་དང་། གློག་དྲ་ནས་ཐོག་མཐའ་བར་གསུམ་དུ་གློག་ཤར་གཏོང་ཐུབ་པ། གློག་ཤུགས་མཁོ་འདོན་འདང་ངེས་ཡོང་བ་བཅས་འགན་ལེན་བྱེད་པ་དང་གློག་སྒོ་བཀག་ནས་གློག་ཚོད་འཛིན་གྱི་གནད་དོན་མཐའ་གཅིག་ཏུ་མི་ཐོན་པ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སློབ་གྲྭ་དང་། ས་ཁོངས་ལྟེ་བའི་སྨན་ཁང་། ས་བབ་མཐོ་བ་དང་མཐའ་མཚམས་ས་ཁུལ་གྱི་རྫོང་གྲོང་གི་དྲོད་རླངས་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། སྔ་ཙམ་བསྐྲུན་ཐུབ་པ་དང་སྔ་ཙམ་བེད་སྤྱོད་གཏོང་ཐུབ་པ་བྱེད་པ་དང་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ཚ་ཁྲི་ཁྱབ་གདལ་ཧུར་ཐག་བཏང་སྟེ་མང་ཚོགས་ཀྱི་དགུན་དུས་ཀྱི་དྲོད་ལེན་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། འགན་འཁྲི་ནན་དུ་བཏང་ནས་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་འགན་ལེན་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།