《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲོས་ཆོད།
ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་བཏོན་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་ཞིང་། བཟོ་བཅོས་འཆར་ཟིན་དེ་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་གོ་ཆོད་པའི་གཏན་འབེབས་བྱས་པ་རེད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བདེན་དོན་དོན་གཉེར་དང་། བདེན་དོན་གསལ་སྟོན། བདེན་དོན་ལག་བསྟར་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་བཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་སྙིང་བཅུད་ཅིག་རེད། ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་པ་ཏང་གི་སྒྲིག་ཡིག་ནང་བཅུག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་མཚོན་པ་གཅིག་གྱུར་ཐོག་མོས་མཐུན་བྱུང་ཡོད། ཚོགས་ཆེན་གྱིས་ཏང་ཡོངས་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དགོངས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་། ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཐོག་གི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་པ་དང་། རླབས་ཆེན་གྱི་གྲུབ་འབྲས་རབ་དང་རིམ་པ་བཏོད་པ། རྩ་ཆེའི་ལོ་རྒྱུས་ཀྱི་ཉམས་མྱོང་བསགས་པ་བཅས་བྱས་ཡོད། ཚོགས་ཆེན་ཐོག་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན། ལོ་རྒྱུས་ཉམས་མྱོང་བཅས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་མོས་མཐུན་བྱས་ཡོད། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཏང་དང་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་རེད། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་འཐབ་རྩོད་ལ་བརྟེན་ནས་ཐོབ་པ་ཞིག་རེད། ཚོགས་ཆེན་ཐོག་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་མོས་མཐུན་བྱས་ཡོད། ནང་དོན་དེ་དག་ཕུན་སུམ་ཚོགས་སུ་གཏོང་བ་དེས་ཏང་ཡོངས་ཀྱི་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། རླབས་ཆེན་གྱི་འཐབ་རྩོད་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་སྟངས་འཛིན་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཟིན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་བཞིན་པ་བཅས་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང་ཡོད། ཏང་གི་སྒྲིག་ཡིག་ལ་གཞིགས་ནས་དེའི་ཐད་བལྟོས་བཅས་ཀྱིས་བཟོ་བཅོས་བརྒྱབ་ཡོད། ནང་དོན་དེ་དག་ལེགས་སྒྲིག་བྱས་པས། ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཡང་དག་ཆུད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དམིགས་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་བློ་སྟོབས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་བཅས་བྱ་རྒྱུར་ཕན་པ་ཡོད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཏོན་པ་མ་ཟད། དེ་ཉིད་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་དུ་གཏན་འཁེལ་བྱས་ཡོད། སྤྱི་ལ་དབང་བའི་ལམ་ལུགས་གཙོ་གཟུགས་སུ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་གོང་འཕེལ་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་གཟུགས་སུ་བྱེད་པ་དང་སྣ་མང་ཐོབ་སྤྲོད་བྱེད་སྟངས་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཀ་རྟེན་གལ་ཆེན་ཤ་སྟག་རེད། ཚོགས་ཆེན་ཐོག་གོང་གསལ་གྱི་ནང་དོན་རྣམས་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་བྱས་པ་དང་། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་རིམ་བཞིན་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། གོང་འཕེལ་གྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་བྱ་རྒྱུ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་གཟུགས་སུ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་འཛུགས་མགྱོགས་སུ་གཏོང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣ་ཐོན་ཁུངས་ཨང་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་དམངས་དཔལ་འབྱོར་སྤུས་ཚད་དེ་བས་ལེགས་པ་དང་ལས་ཕྱོད་དེ་བས་ཆེ་བ། དེ་བས་བཏང་སྙོམས། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་གོང་འཕེལ་ཡོང་བ་སོགས་བྱ་རྒྱུའི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་བྱས་ཡོད། བཟོ་བཅོས་འདི་དག་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་ཚེ། ཏང་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་འཐབ་ཇུས་བཀོད་སྒྲིག་ཐོག་་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ། སྔར་བས་རང་རྟོགས་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པས་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་རླབས་པོ་ཆེ་རྒྱུན་ཆད་མེད་པར་འབྲི་བ་བཅས་ལ་ཕན་ཐོགས་ཡོད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་པས། མདུན་ལམ་འོད་སྟོང་འབར་ལ་ལས་འགན་ལྕི་ཞིང་ལམ་ཐག་རིང་བ་ཞིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི་གོམ་སྟབས་གཉིས་སུ་ཕྱེ་ཡོད་པ་སྟེ། 2020ནས་2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་སྐྲུན་དགོས། ཏང་གི་སྒྲིག་ཡིག་གིས་དེར་གཞིགས་ནས་དེ་མཚུངས་ཀྱི་བཟོ་བཅོས་བརྒྱབ་ཚེ་ཏང་ཡོངས་ལ་ཡིད་ཆེས་བརྟན་པོ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་གཏན་འཁེལ་གྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་ཐེབས་རྒྱུ་རེད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་དང་། དེ་བས་རྒྱ་ཁྱབ་དང་། དེ་བས་གང་ལེགས། དེ་བས་འཐུས་སྒོ་ཚང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ། དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་ཀྱི་ལམ་ལུགས་དང་གོ་རིམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུའི་མོས་མཐུན་བྱས་ཡོད། ཕུན་སུམ་ཇེ་ཚོགས་སུ་བཏང་ན། ཏང་ཡོངས་ཀྱིས་སྔར་བས་རང་རྟོགས་དང་། སྔར་བས་བློ་རྩ་བརྟན་པོའི་སྒོ་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ་བཅས་ལ་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན། ཕྱི་འབྲེལ་ལས་དོན་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། ཚོགས་ཆེན་ཐོག་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་འགྱུར་བར་བྱེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་འཕྱུགས་པ་མེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་བ། “ཐའེ་དབན་རང་བཙན”ལ་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུའི་མོས་མཐུན་བྱས་ཡོད། ནང་དོན་དེ་དག་འཐུས་སྒོ་ཚང་དུ་བཏང་བ་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ཡར་ཐོན་རླབས་རྒྱུན་ལ་སྣེ་ཁྲིད་བཅས་བྱ་རྒྱུར་ཕན་པ་ཡོད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་གིས་ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས་པ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། ཏང་འཛུགས་སྐྱོང་ལ་གྲུབ་འབྲས་གལ་ཆེན་དང་ལེགས་འགྲུབ་བྱུང་བའི་ཉམས་མྱོང་གསར་པ་མང་དག་ཅིག་ཐོབ་པ་དེ་དག་ངེས་པར་དུ་ཏང་གི་སྒྲིག་ཡིག་ནང་དུས་ཐོག་ཏུ་མངོན་པ་བྱས་ནས་དེ་ཏང་ཡོངས་ཀྱི་ཐུན་མོང་གི་འདུ་ཤེས་དང་ཐུན་མོང་གི་གཞི་འཛིན་སར་འགྱུར་བ་བྱེད་དགོས། ཚོགས་ཆེན་ཐོག་བདེན་དོན་མཐའ་འཁྱོངས་དང་ཕུགས་བསམ་བརྟན་སྲུང་དང་། ཐོག་མའི་བསམ་འདུན་དོན་གཉེར་དང་འགན་འཁྲི་ཁུར་ལེན། རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་དམངས་དོན་པང་དུ་ལེན་པ་བཅས་ཀྱི་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ཆུད་ཟོས་སུ་མི་གཏོང་བ། རླབས་ཆེན་གྱི་རང་ངོས་གསར་བརྗེས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པ་སོགས་ཀྱི་བླང་བྱ་ཏང་གི་སྒྲིག་ཡིག་ནང་འཇུག་པ་དང་། ངེས་པར་དུ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་དང་བློ་རྩ་བརྟན་པའི་རང་བཞིན་ཆེ་རུ་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་སྤེལ་བཞིན་ཡོད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཆེ་རུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་པ། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་གི་གཞི་རྩའི་བླང་བྱ་ཞིག་ཏུ་བརྩི་རྒྱུ་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུའི་མོས་མཐུན་བྱས་ཡོད། ནང་དོན་དེ་དག་འཐུས་སྒོ་ཚང་དུ་བཏང་བ་དེས་ཏང་ཡོངས་ཀྱིས་རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོཌ་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོཌ་ལག་ལེན་བསྟར་བ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་གསར་བརྗེའི་རང་བཞིན་གྱི་ཏང་འཛུགས་སྐྱོང་ཁྲོད་དེ་བས་འགྱུར་མེད་སྟོབས་ལྡན་དང་ནུས་པ་ལྡན་པ་འགན་ལེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུཌ་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུ་བཅས་ལ་ཕན་པ་ཡོད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་མཁན་སྲོག་ཤིང་གི་སྟོབས་ཤུགས་ཤིག་ཡིན་པ་དང་། ཏང་གི་འགོ་ཁྲིད་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་རྩ་བའི་འགན་ལེན་རེད། ཚོགས་ཆེན་ཐོག་ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཆེ་ཤོས་ཡིན་པ་དང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་བྱས་ཡོད། ནང་དོན་དེ་དག་འཐུས་ཚང་དུ་བཏང་བ་དེས་ཏང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ཐད་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱེད་པར་ཕན་པ་ཡོད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་ཐད་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་སྡོམ་དང་བསྡུ་ལེན་བྱས་པ་མ་ཟད། སྤྱིའི་རྩ་འཛིན་གྱི་ཆ་ཤས་ལ་བཟོ་བཅོས་དང་སྦྲེལ་མཐུད་བྱས་ཡོད་པས། ཏང་གི་སྒྲིག་ཡིག་གི་དོན་ཚན་ཁ་ཤས་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ནི་རྒྱ་ཆེའི་ཏང་ཡོན་གྱིས་འཁུར་དགོས་པའི་འོས་འགན་ཡིན་པ་དང་། སྨན་ཁང་གི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲོམ་གཞུང་དང་། ཤང་། གྲོང་རྡལ། གྲོང་ཚོ། སྡེ་ཁུལ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་གནས་བབ་དང་ནུས་པ་ཁ་གསལ་བཟོ་བ་དང་གཞུང་ཁོངས་ཁེ་ལས་ཀྱིས་ཏང་ཨུད(ཏང་ཙུའུ)ཀྱི་ཏང་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲི་དང་ལས་འགན་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པར་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་བྱེད་པའི་བླང་བྱ་འདོན་པ། ཏང་གི་སྒྲིག་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་མངགས་གཏོང་བྱས་པའི་ཁྱབ་ཁོངས་ཁ་གསལ་བཟོ་བ། སྒྲིག་ཨུད་ཀྱི་ལས་འགན་གཙོ་བོ་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཙུའུ་ཡི་འགན་འཁྲི་དང་ངེས་གནས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་གྲུབ་འབྲས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད། ནང་དོན་དེ་དག་ཏང་གི་སྒྲིག་ཡིག་ནང་བཅུག་ཚེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྟོབས་གཅིག་སྒྲིལ་བྱ་རྒྱུར་ཕན་པ་ཡོད་ལ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ནན་པའི་རྩ་བའི་དགོངས་གཞིའི་ཐོག་ནས་སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཡང་ཕན་པ་ཡོད།
ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། དུས་རབས་གསར་པར་སླེབས་རྗེས། ཏང་དང་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་གནས་བབ་རྙོག་འཛིང་དང་། འཐབ་རྩོད་དྲག་པོ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཅན་བཅས་ནི་འཛམ་གླིང་དུ་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་གཏན་འཁེལ་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་ལས། ཏང་གི་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ལ་ཤུགས་རྐྱེན་ཐེབས་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་ཏང་གིས་ད་གཟོད་ཐག་གཅོད་ནུས་ལྡན་བྱས་པ་དང་། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་གནས་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པར་རྩ་བའི་ཐོག་ནས་འགན་ལེན་ཏན་ཏིག་བྱས་ཡོད། “གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་རེད། ཏང་ཡོངས་ཀྱིས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་སྔར་བས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སྲུང་སྐྱོང་བྱེད་པ་དང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བཅས་བྱེད་དགོས།
ཚོགས་ཆེན་ཐོག་བླང་བྱ་བཏོན་དོན། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣