རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་གྱི་བརྗོད་དོན་ཁ་གསལ་ཞིང་དགོངས་པ་གཏིང་ཟབ་པ་དང་། སྤྱི་ཡོངས་སྟངས་འཛིན་དང་བརྗིད་ཉམས་ཆེ་བ། སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་བཅས་ཡོད་ལ། ཚན་རིག་དང་མཐུན་པའི་སྒོ་ནས་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཁ་ཕྱོགས་གཏན་འཁེལ་དང་བསྐྱར་དར་སྟོབས་འཕེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་འཆར་འགོད་གསལ་པོ་གནང་བ་དེ་ཐོག་ནས་འགན་འཁུར་རྒྱུགས་འབུལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པ་དང་། མི་དམངས་གོང་དུ་བཀུར་བའི་སྲིད་འཛིན་འདུ་ཤེས་གསོན་ཉམས་དོད་པོས་མཚོན་པ། གནམ་འོག་མཉམ་སྐྱོང་གི་རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་ཚད་གཞི་མཐོ་པོས་མངོན་པ་བཅས་དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱིའི་རྩ་འཛིན་དང་། སྤྱིའི་ཇུས་འགོད། སྤྱིའི་ཁྲིད་སྟོན། སྤྱིའི་གཞི་འཛིན་ས་བཅས་ཡིན་པས། རྦད་དེ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་གཙོ་འཛིན་འབོད་སྐུལ་བྱེད་པ་དང་། རླབས་ཆེན་གྱི་གཙོ་འཛིན་གྱིས་རླབས་ཆེན་གྱི་དུས་རབས་གསར་གཏོད་བྱེད། “གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་གྲུབ་འབྲས་གལ་ཆེན་ཐོབ་པའི་རྩ་བའི་གནས་ས་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན། རང་རེའི་ཏང་གིས་ཡུན་རིང་སྲིད་འཛིན་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཀྱི་འགན་སྲུང་ཆེ་ཤོས་དང་གདིང་ཤུགས་ཆེ་ཤོས་བཅས་ཡིན་པས། ང་ཚོས་གཅེས་འཛིན་ལྡབ་བརྒྱ་དང་། མཐའ་གཅིག་ཏུ་སྲུང་སྐྱོང་། ཡུན་རིང་མཐའ་འཁྱོངས་བཅས་བྱེད་དགོས། རླབས་ཆེན་གྱི་བྱ་གཞག་ལ་རླབས་ཆེན་གྱི་དགོངས་པ་དགོས་པ་དང་། རླབས་ཆེན་གྱི་དགོངས་པས་རླབས་ཆེན་གྱི་བྱ་གཞག་ལ་ཁྲིད་སྟོན་བྱེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་བཏོད་པ་དེ་ནི་མི་དམངས་ཡོངས་མཐུན་སྒྲིལ་འབད་འཐབ་དང་དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་བསམ་པའི་སྒུལ་ཤུགས་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པས། ངེས་པར་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་གསར་པར་ཁྲིད་སྟོན་དང་རྣམ་པ་གསར་པ་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ། བསམ་བློའི་ཐད་དེ་བས་གཅིག་གྱུར་དང་། ཆབ་སྲིད་ཐད་དེ་བས་མཐུན་སྒྲིལ། བྱ་སྤྱོད་ཐད་དེ་བས་གཅིག་མཐུན་བཅས་ཡོང་བ་བྱས་ནས། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། མི་རིགས་བསྐྱར་དར་གྱིས་ཏང་གདམ་ག་བྱས་པ་དང་། ཏང་གིས་མི་རིགས་བསྐྱར་དར་ལ་ཁྲིད་སྟོན་བྱེད། ཀྲུང་གོའི་འཕེལ་རྒྱས་ཀྱི་གོམ་སྟབས་འགོག་ཐབས་མེད་པ་དང་མི་རིགས་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་པོ་ལྡོག་ཐབས་མེད་པས། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་པ་དང་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ཚེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད། ཉེན་ཁ་དང་འགྲན་སློང་གིས་ཏང་ལ་ཉམས་སད་ཐེབས་པ་དང་། ཏང་གིས་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བསྟར་ནས། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་ཡོང་རེ་བྱེད་པ་བཅས་བྱས་ཚེ། ཉེན་ཁ་དང་འགྲན་སློང་མང་ཉུང་ལ་མ་བལྟོས་པར་ཁ་གཏད་གཅོག་ཐུབ་པ་དང་དཀའ་ངལ་དང་ཉེན་ཁ་མང་ཉུང་ལ་མ་བལྟོས་པར་དེ་དག་ལས་སྒྲོལ་ཐུབ། ཏང་གིས་རང་ངོས་གསར་བརྗེར་སྐུལ་འདེད་བཏང་བ་དང་། རང་ངོས་གསར་བརྗེས་ཏང་ལ་ཞུན་བརྡར་བྱེད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་ཉམས་མེད་དང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་སྐྱོད་ཐུབ་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པས། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེ་དེ་ཡུན་གནས་ཀྱི་ཞིབ་འཇུག་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྔ་བར་ཕྱི་གསུམ་དུ་རླབས་ཆེན་གྱི་རང་ངོས་གསར་བརྗེར་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་དགོས།
ཡན་ཅིན་ཧའེ་ཡིས་གསུངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བཅས་བྱས་ནས། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་བརྒྱབ་སྟེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།