ཏང་གི་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་མཉམ་སྡེབ་བཅར་འདྲི་ཐེངས་བཞི་པ་འཚོགས་པ།
ཀྲོང་ཡན་གྱིས་བོད་ཀྱི་འཐུས་མི་ཚོགས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
ཚེས་19ཉིན་གྱི་དགོང་མོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་མཉམ་སྡེབ་བཅར་འདྲི་ཐེངས་བཞི་པ་འཚོགས་ཤིང་། བོད་ཀྱི་འཐུས་མི་ཚོགས་པའི་མགྲིན་ཚབ་པ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་ཞུགས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

བཅར་འདྲི་བྱ་ཡུལ།
བོད་ཀྱི་འཐུས་མི་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་སློབ་སྦྱོང་དང་གྲོས་བསྡུར་གནང་ཚུལ་ངོ་སྤྲོད་གནང་སྐབས་ཀྲོང་ཡན་གྱིས་གསུངས་དོན། ཉིན་ཤས་རིང་། འཐུས་མི་ཚོས་སྙན་སྒྲོན་ལ་སློབ་སྦྱོང་ནན་ཏན་དང་གྲོས་བསྡུར་ཟབ་མོ་གནང་བ་མ་ཟད། སྙན་སྒྲོན་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་རྦད་དེ་མོས་མཐུན་གནང་གི་འདུག འཐུས་མི་ཚོས་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ཆེད་དུ་གཏན་འཁེལ་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུང་གི་འདུག

བོད་ཀྱི་འཐུས་མི་ཚོགས་པའི་མགྲིན་ཚབ་པ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་བཞིན་པ།
བཅར་འདྲི་བྱེད་རིང་། གསར་འགོད་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་ལག་པ་བརྐྱངས་ནས་ཚང་མས་དོ་ཁུར་བྱེད་པའི་གནད་དོན་སྐོར་ལ་དྲི་བ་བཏོན་པ་རེད། ཀྲོང་ཡན་གྱིས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཡོད། 2021ལོའི་ཟླ་11པར། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར“དོན་ཆེན་བཞི”པོ་དག“འཛུགས་གཏོད་བཞི”ཡི་བྱ་སྤྱོད་ཞིབ་ཕྲར་དོན་འཁྱོལ་བྱས་ཤིང་། གཅིག་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་དང་། གཉིས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན། གསུམ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན། བཞི་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བཅས་བརྒྱབ་ཡོད་ཅེས་ལན་བསྐྱོན་པ་རེད།
གསར་འགོད་པས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་ཇི་ལྟར་བྱས་ཡོད་པའི”ཐད་བཏོན་པའི་དྲི་བར། ཀྲོང་ཡན་གྱིས་གསུངས་དོན། བོད་ཀྱི་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མངགས་བཅོལ་ཟབ་མོ་གནང་བ་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཐའ་གཅིག་ཏུ་ལག་ལེན་བསྟར་ཏེ། སྔོ་ལྗང་རི་ཀླུང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་མཐའ་འཁྱོངས་བཞག་སྟེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བརྟན་པོར་བསྲུངས་པ། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་ཚང་མ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཁྱབ་ཁོངས་སུ་བཅུག་ནས། “མཐོ་གསུམ”ཁེ་ལས་དང་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ་དང་ནང་འདྲེན་མི་བྱེད་པ། ཁོར་ཡུག་བློས་གཏོང་གིས་གནས་སྐབས་ཀྱི་དཔལ་འབྱོར་འཕར་ཐབས་གཏན་ནས་མི་བྱེད་པ། སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་བུར་མཐའ་འཁྱོངས་བསྐྱོད་དེ། ནུས་རྒྱུ་གཙང་མའི་ཐོན་ལས་དང་སྐྱེ་ཁམས་ཡུལ་སྐོར་རིག་གནས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ། སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཟམ་མི་ཆད་པར་བསྒྱུར་ཏེ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་བོད་ཀྱིས་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཧུར་ཐག་ཕུལ་བ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་ཅན་གྱི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་པ། གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་96%ཡན་ཟིན་པ་དང་། འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་99%ཡན་ཟིན་པ། ས་གནས(གྲོང་ཁྱེར)བདུན་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ཡན་དུ་མཐའ་འཁྱོངས། ས་ངོས་ཀྱི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ་བཅས་བྱས་ཡོད། ལྷག་པར་དུ་ད་ལོ་ནས་བཟུང་། བོད་ཀྱིས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ནགས་བཟོའི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ནས། ལོ་བཅུ་ཙམ་གྱི་དུས་ཡུན་སྤྱད་དེ་ནགས་ཚལ་མུའུ་ཁྲི་200ལྷག་ཙམ་སྐྲུན་རྩིས་ཡོད་པས། འབྱུང་འགྱུར་ལོ་འགར། གྲོང་ཁྱེར་ནགས་ཁྲོད་དུ་གནས་པ་དང་། གྲོང་ཁྱེར་གྱི་དབུས་སུ་ཆུ་བོ་དལ་བུར་རྒྱུག་པ། མི་རྣམས་ལྡུམ་རར་འཆམ་འཆམ་དུ་འགྲོ་བའི་མཛེས་སྡུག་ལྡན་པའི་ས་མཐོའི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་སྲིད།