དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-20

    ཚེས་18ཉིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་བསྡུར་གནང་བ་རེད། འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་འཐུས་མི་ཚོགས་པའི་འཐུས་མི་ཡོངས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ“ངེས་པར་དུ་གསུམ”བློ་ལ་བརྟན་པོར་ངེས་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འཐུས་མི་ཚོས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་པར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཅུག་ཅིང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ཏེ། གྲི་དངོ་ནང་གཏད་མཐའ་འཁྱོངས་བྱས་པ་དང་། ཏང་སྲོལ་གཅིག་སྡུད་ཀྱིས་དག་ཐེར་བྱས་པ། རུལ་སུངས་པར་ཁྲིམས་གཅོད་ནན་པོ་བཏང་བ། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་གཙང་སྒྲིག་ཁྲིམས་ནན་དུ་བཏང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྒྲིག་གིས་སྔར་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་པ། “མི་བརྒྱ་སྟོང་ལ་ཕོག་ཐུག་གཏོང་དགོས་བྱུང་ཡང་མི་དུང་ཕྱུར་བཅུ་བཞིའི་རེ་བ་ཆུད་ཟོས་སུ་མི་གཏོང་བའི”འགན་འཁྲི་འཁུར་སེམས་མཚོན་པར་བྱས་པ། མི་དམངས་མང་ཚོགས་ཀྱི་སྙིང་དབུས་ནས་བསྔགས་བརྗོད་ཐོབ་པ། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་བསམ་པའི་འཁྱེར་སོ་གསར་པ་བཏོད་པ། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ནས་ཐར་བའི་གྲུབ་འབྲས་ཐོན་པའི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཡོད། དེར་བརྟེན་ཏང་སྲོལ་དང་སྲིད་སྲོལ་གསར་རྐྱང་ཆགས་པ་དང་ཏང་སེམས་དང་དམངས་སེམས་སྔར་བས་འཕེལ་ཏེ། ཏང་འཛུགས་སྐྱོང་གི་ལོ་རྒྱུས་ཐོག་མཛེས་སྡུག་རྣམ་པར་བཀྲ་ཞིང་ཕན་ནུས་བསྐལ་བརྒྱར་ཐོན་པའི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་པའི་ལྟེ་བའི་དོན་སྙིང་དང་ཕུན་སུམ་ཚོགས་པའི་ནང་དོན་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་དེ། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བའི་དོན་དངོས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བླང་བྱ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འདུན་བཅས་དང་རྦད་དེ་མཐུན་འདུག

    འཐུས་མི་ཚོས་ངོས་འཛིན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་སྒྲོན་ནང“ངེས་པར་དུ་གསུམ་”གྱི་བླང་བྱ་གསར་པ་ཁ་གསལ་བསྟན་གནང་བ་དེ། གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གིས་བརྩི་སྲུང་ཞུ་བའི་རྩ་བའི་དམིགས་ཡུལ་དང་། བརྟན་སྲུང་བྱེད་པའི་སྤྱོད་ཚུལ་བཟང་པོ། ལྡན་དགོས་ངེས་ཀྱི་བསམ་པའི་ཉམས་འགྱུར་བཅས་རྒྱས་བཤད་གཏིང་ཟབ་གནང་ཡོད་ལ། འགན་འཁྲི་འཁུར་སེམས་ཆེན་པོ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་མོ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེན་པོ་བཅས་ཀྱང་མཚོན་པར་གནང་ཡོད། དེ་ནི་ཏང་གི་སྲིད་སྐྱོང་ཆོས་ཉིད་ལ་བསམ་གཞིག་ཟབ་མོ་དང་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་གནང་བ་ཞིག་རེད། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྐྱེ་སྟོབས་དང་གསོན་ཤུགས་ཡུན་ནས་ཡུན་དུ་གནས་པར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དེར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། དེས་ན་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ། དུས་རྒྱུན་དུ་རིག་པ་དྭངས་གསལ་དང་བདེ་སྡོད་ཉེན་བསམ་བྱེད་པ། ཁེངས་དྲེགས་སྒྱིད་ལུག་སོར་གནས་གསུམ་གཏན་ནས་བྱེད་མི་རུང་བ། འགལ་བ་དང་གདོང་གཏུག་བྱུང་སྐབས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་ཤོར་ཕོད་པ་དང་། ཉམས་ཉེན་དང་དཀའ་ངལ་འཕྲད་སྐབས་དཔའ་ངར་ཆེན་པོས་མདུན་དུ་དོན་ཕོད་པ། བྱ་ངན་དང་སྤྱོད་ངན་འཕྲད་སྐབས་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཕོད་པར་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་རུལ་སུངས་དང་ཚུལ་མིན་གྱི་སྤྱོད་ཚུལ་ཐམས་ཅད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་མཚར་དེ་བས་ཆེ་བའི་ལེའུ་མུ་མཐུད་རྩོམ་དགོས།

    འཐུས་མི་ཚོས་ངོས་འཛིན་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་མཐུན་པར་བྱས་ཏེ། ཏང་གི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྤྱི་ཡོངས་ལ་གཞི་བཙུགས་ནས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུའི་གཏན་འབེབས་གནང་བ་དེ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དུས་བསྟུན་འཕེལ་རྒྱས་གཏོང་བའི་ཆབ་སྲིད་གཤིས་རྒྱུད་མངོན་གྱི་ཡོད། ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་དེ་ལས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་ཤོས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་དུ་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་གསར་པ་དང་འཐབ་ཇུས་གསར་པ། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་རྩ་ཆེའི་ཉམས་མྱོང་བཅས་གང་ལེགས་མངོན་གྱི་ཡོད། དེ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་། ཐུན་མོང་གི་འདོད་བློ། ཐུན་མོང་གི་བསམ་ཚུལ་བཅས་ཡིན་པས། ཏང་གི་བྱ་གཞག་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་རྩ་བའི་རང་བཞིན་གྱི་ཚད་གཞི་དང་མཛུབ་ཁྲིད་ཀྱི་ནུས་པ་དེ་བས་འདོན་སྤེལ་ཐུབ་ངེས་རེད།

    འཐུས་མི་ཚོས། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པར་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་དཔེ་བསྡུར་མིག་ལྟོས་བྱེད་པ། རྟག་ཏུ་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་བསྡུར་བ་བྱེད་པ། རང་ཉིད་ཀྱི་ཕུགས་བསམ་དད་སེམས་དང་བསམ་བློའི་གཏམ་སྤྱོད་ལ་ཞིབ་བཤེར་བཅས་བྱས་ནས་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་བྱ་རྒྱུ་དང་། དེ་བཞིན་ནང་དོན་གསར་པ་དང་བླང་བྱ་གསར་པ་ཁག་གི་ཚན་རིག་དང་མཐུན་པའི་གོ་དོན་ལ་གོ་བ་གཏིང་ཟབ་ལོན་པར་བྱེད་པ་དང་། སྣེ་ཁྲིད་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་ནན་ཏན་བྱེད་པ། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ནན་པོ་ཞུ་བ། ཏང་གི་སྒྲིག་ཡིག་ལག་བསྟར་ཏན་ཏིག་བྱེད་པ། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གི་སྒྲིག་ཡིག་དེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་ཚད་གཞིར་འཛིན་པ། ཏང་གི་ལས་དོན་དང་། ཏང་ནང་ཁུལ་གྱི་བྱེད་སྒོ། ཏང་འཛུགས་སྐྱོང་བཅས་ལ་མཛུབ་ཁྲིད་བྱེད་པའི་རྩ་བའི་གཞི་འཛིན་སར་བྱེད་པ། ཏང་གི་སྒྲིག་ཡིག་ནང་གི་གཏན་འབེབས་ཁག་བྱ་སྤྱོད་ཐོག་འཁྱོལ་བ་དང་ལས་ཀའི་ནང་མཚོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།