དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-04

    རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སྤྱི་འདོམས་ཀྱིས་ཡག་པོ་བསྒྲུབས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཚུལ་སྐོར་གྱི་ལས་དོན་སྙན་སེང་གསན་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་འགའ་ཞིག་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་ཞིང་། ཁོང་གིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དཔལ་འབྱོར་བརྟན་པོ་དང་དམངས་འཚོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བཅས་བྱས་ནས། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དེའི་ནང་འདུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་དང་ཕན་འབྲས་དངོས་ལ་ཏན་ཏིག་འགྱུར་བར་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་སྟངས་འཛིན་བྱེད་པ་དང་། ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་གཏོང་བ། བོད་ཀྱི་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ། གཙོ་གནད་ལས་འགན་གཙོ་གནད་ཐོག་སྒྲུབ་པ། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། སྤྱི་ཚོགས་ཐོག་རིམས་ནད་བསྐྱར་ལོག་མི་ཡོང་བའི་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་ཧུར་བརྩོན་ཆེན་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས། “ཕྱི་ནས་མ་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་བྱས་ཏེ། གཙང་བཟོ་ཐུབ་པའི་ས་ཁུལ་གྱིས་སྣང་མེད་ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་དང་། ཁྲིམས་དང་མཐུན་པ་དང་། ཚན་རིག་དང་མཐུན་པ། གནད་སྨིན། ནན་པོ། ནུས་ལྡན་བཅས་ཀྱི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ། སྔ་ཙམ་སྔོན་འགོག་བྱ་རྒྱུར་གཞི་ཚུགས་པ། སྔ་ཙམ་ཤེས་རྟོགས་དང་མགྱོགས་མྱུར་ཐག་གཅོད་བཅས་བྱས་ནས། ལས་སླ་པོར་ཐོབ་པ་མིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། གཙང་བཟོ་ཐུབ་མེད་པའི་ས་ཁུལ་གྱིས་དམིགས་ཚད་ཁ་གསལ་དང་། སྟོབས་ཤུགས་གཅིག་སྡུད། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་གནས་ཚུལ་གསལ་པོ་དང་། ཆོད་སེམས་ཆེན་པོ། བྱ་ཐབས་ཏན་ཏིག་བཅས་ཐུབ་པར་བྱེད་པ་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བྱས་ནས། རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱེད་དགོས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ་དང་། རིགས་དབྱེ་ཁག་བགོས་ངང་ལས་ཐོན་བསྐྱར་ཚུགས་དང་། ཁྲོམ་ར་སླར་གསོ། སློབ་འགོ་བསྐྱར་འཛུགས་བཅས་བྱེད་པའི་ཇུས་གཞི་བཟོ་བ། རྣམ་གྲངས་བསྐྱར་འཛུགས་ཐུབ་པའི་འགན་ལེན་ནུས་ལྡན་བྱེད་པ། དགེ་སློབ་ཚོ་གོ་རིམ་ལྡན་པའི་ངང་ལས་གནས་དང་སློབ་གྲྭར་ཕྱིར་ལོག་རྒྱུ་སྒྲིག་འཛུགས་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་ཁག་སྔར་བས་ཞིབ་ཚགས་སུ་གཏོང་བ། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱེད་པ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གི་དཀའ་ངལ་སེལ་རོགས་བྱེད་པའི་ལས་དོན་ཏན་ཏིག་སྒྲུབ་པ། ལས་གནས་བརྟན་པོ་དང་ལས་ཞུགས་ཀྱི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་ནན་ཏན་བཅས་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱེད་དགོས། མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་འཆར་འགོད་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁུལ་རྙིང་པ་དང་། ཁུལ་ཆུང་རྙིང་པ། སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་གྱི་ཞན་ཆ་ཏན་ཏིག་སེལ་བ་བཅས་བྱས་ནས། གྲོང་ཁྱེར་འཛུགས་སྐྲུན་དང་། དོ་དམ། ཞབས་ཞུ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལྷོད་གཡེང་གི་བསམ་བློ་དང་། དམག་འཁྲུག་ལ་བསུན་སྣང་གི་བསམ་བློ། སྟེས་དབང་གི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་བླང་བྱ་དང་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཁ་ཕྲལ་གཏོར་བཤིག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་དང་གྲལ་བཤེར་གཏིང་ཟབ་ཀྱིས་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དེ་རྒྱུན་གཏན་ནས་སྒྲུབ་པ་དང་གཞི་རིམ་དུ་སྤེལ་བ་དང་། འགལ་ཟླ་སྣ་ཚོགས་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ནས་བསལ་ཏེ་ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། མི་རིགས་ཁག་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། དགོན་སྡེར་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཆད་ལུས་མེད་པར་གཞི་རིམ་དུ་དོན་འཁྱོལ་བྱེད་དགོས། ཏང་ཡོན་ལས་བྱེད་པས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ནས། སྤྱོད་ཚུལ་ལེགས་པོ་མེད་པ་ནི་ང་ཚོའི་ལས་ཀའི་ཁྲོད་ཀྱི་དགྲ་བོ་ཆེ་ཤོས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད་པ་བློ་ལ་བརྟན་པོར་འཆང་བ། སྣེ་ཁྲིད་དེ“མིག་དཔེ་དྲུག”ལག་ལེན་བསྟར་བ། དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། ལས་ཀའི་ཐད་ཕྱི་ཚུལ་ཙམ་དང་བཟོ་ལྟ་ཙམ་སྟོན་པ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ཏེ་བཤད་པ་དེ་སྒྲུབ་པར་བརྩི་མི་རུང་ལ་སྒྲུབ་པ་དེ་ཡག་པོ་སྒྲུབ་པར་གཏན་ནས་བརྩི་མི་རུང་། གནད་དོན་དང་། དམིགས་ཚད། མཇུག་འབྲས་བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། འདུ་འགོད་ཅན་གྱི་སྐུལ་འདེད་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པར་བྱེད་པ། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ། རྙོག་འཛིང་ཆེ་བའི་ཁོར་ཡུག་དང་གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། ཞུན་བརྡར། གདམ་གསེས། བཀོལ་སྤྱོད་བཅས་བྱེད་པར་ཤུགས་སྣོན་རྒྱག་པ་དང་ཕུལ་བྱུང་ཤེས་ལྡན་མི་སྣ་གཟེངས་སུ་ཐོན་པར་བྱས་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལས་ཀའི་ཐད་འཇོན་ཐང་ལྡན་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    ཚོགས་འདུར་རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་འཆར་འགོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།