དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-26

    འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་གཏོང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བྱེད་ཐབས་ཁག་དོན་འཁྱོལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

    ཚེས་23ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། སྤྱི་ཚོགས་བརྟན་ལྷིང་། བདེ་འཇགས་ཐོན་སྐྱེད། གེགས་འགོག་གེགས་སེལ་བཅས་ཀྱི་ལས་དོན་བཀོད་སྒྲིག་གནང་ཞིང་། ཁོང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། “རིམས་ནད་སྔོན་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ལྡན་པ”བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས་བྱེད་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། རིམས་ནད་བསྐྱར་ལོག་མི་ཐེབས་པ་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་ཡག་པོ་བཅས་ཀྱི་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། མིག་སྔའི་བདེ་འཇགས་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། དེས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་ཡོང་བར་བྱས་ཏེ། ལས་ཀའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། ལས་ཀའི་རྒྱང་ལྟའི་རང་བཞིན་དང་སྔོན་དཔག་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བརྟན་ལྷིང་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྩ་བ་དེར་རྟག་ཏུ་དམ་འཛིན་གྱིས་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་ཁ་ཕྲལ་གཏོར་བཤིག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཚོགས་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ། ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཏན་ཏིག་སྒྲུབ་པ། དྲ་རྒྱའི་གླེང་ཕྱོགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་བཏང་ནས་ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་། གཏོགས་ཁོངས་དོ་དམ་གྱི་འགན་འཁྲི། སྡེ་ཚན་གྱི་ལྟ་འདོམས་ཀྱི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱས་ཏེ། ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བཅས་ཏན་ཏིག་ཐུབ་པར་བྱེད་དགོས། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་བ་དང་། འཕྲལ་སྡོམ་སྔོན་ཇུས་དང་འགོག་ཟོན་བྱ་ཐབས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་ནང་སྦྱོང་དང་འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགག་རྩའི་དུས་སུ་སྐོང་ཐུབ་པ་དང་། སྤྱོད་ཐུབ་པ། ཚོད་འཛིན་ཐུབ་པ་བཅས་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གེགས་འགོག་གེགས་སེལ་གྱི་དུས་བབ་ལ་སྟངས་འཛིན་འཕྱུགས་མེད་དང་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། གེགས་འགོག་དང་གེགས་སེལ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཉེན་ཟོན་སྔོན་འཇོག་དང་མ་ཡོང་སྔོན་འགོག་བྱེད་པ་དང་། ཕྱོད་ཤས་ཆེ་བའི་བསམ་བློར་བརྟེན་ནས་ཕྱོད་ཤས་ཆུང་བའི་དོན་རྐྱེན་ལ་ཁ་གཏད་གཅོག་པ། གངས་སྐྱོན་དང་། ས་ཡོམ། འདམ་རྡོའི་ཆུ་རུད། རླུང་སྐྱོན་སོགས་ཀྱི་རང་བྱུང་གནོད་འཚེ་འགོག་བཅོས་ལ་དམ་པོར་དམིགས་པ། གནོད་འཚེ་ཐོན་ཕྱོགས་ལ་གྲོས་མོལ་དབྱེ་ཞིབ་དང་། ལྟ་ཞིབ་ཚད་ལེན། སྔོན་བརྡ་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་པ། ཆ་འཕྲིན་སྤེལ་རེས་དང་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་འགྲིམ་འགྲུལ་ཤར་བགྲོད་ཡོང་བ་བཅས་བྱས་ནས་འཕྲལ་སྡོམ་དང་ལེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་རིམས་ནད་བསྐྱར་ལོག་མི་ཐེབས་པའི་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། “ཕྱོགས་བཞིའི་འགན་འཁྲི”ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་དང་བྱ་ཐབས་དཔར་གཞི་དགུ་པ་དོན་འཁྱོལ་ནན་པོ་བྱེད་པ། ཁྲིམས་མཐུན་དང་། ཚན་རིག གནད་སྨིན། ནན་པོ། ནུས་ཆེ་བཅས་ཀྱི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། སྔ་ཙམ་སྔོན་འགོག་དང་སྔ་ཙམ་ནས་ཤེས་རྟོགས་དང་མགྱོགས་མྱུར་ཐག་གཅོད་བྱས་ནས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། ལས་ཐོན་བསྐྱར་ཚུགས་དང་། ཚོང་ཁྲོམ་བསྐྱར་ཚུགས་བཅས་ཡོང་བར་རང་འགུལ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཞིང་འབྲོག་ལས་ཐོན་སྐྱེད་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་ལས་འགོ་བསྐྱར་ཚུགས་ལ་དམ་པོར་དམིགས་པ། དོན་འཁྱོལ་ལ་དམ་འཛིན་དང་། འཕེལ་རིམ་མགྱོགས་སུ་གཏོང་བ། སྤུས་ཚད་འགན་ལེན་བཅས་བྱས་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་མི་སྡོད་སར་རང་བསྡད་ནས་དཀའ་ངལ་སེལ་རོགས་བྱས་ཏེ། མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་སེམས་ཁུར་མང་ཙམ་བྱེད་པ། མང་ཚོགས་ལ་དྲིལ་བསྒྲགས་དང་སློབ་གསོ་རྒྱག་པའི་ཐད་སེམས་ནུས་མང་ཙམ་འདོན་པ། མང་ཚོགས་སྒྲིག་འཛུགས་དང་གོང་བུར་འགྲིལ་བའི་ཐད་ནུས་ཤུགས་མང་ཙམ་འདོན་པ་བཅས་བྱས་ནས་མང་ཚོགས་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཕྱོགས་ཁག་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་ལས་དོན་གྱི་མགོ་མཇུག་ཚང་མར་ཁྱབ་པར་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ནན་པོ་བྱེད་པ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། འགན་འཁྲི་ཡང་བསྐྱར་ནན་ཏུ་གཏོང་བ་དང་བྱ་ཐབས་ཡང་བསྐྱར་ཞིབ་ཕྲ་བཟོ་ཐུབ་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།