དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-26

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པ་དང་དུས་མཚམས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། རང་ལྗོངས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པ་དང་དུས་མཚམས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ནས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཐུབ་པར་བྱེད་པ་དང་རོགས་སྐྱོར་ཐོབ་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ཏེ་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་གཟིགས་འོག་བསྐྱངས་དང་སྤྱི་ཡོངས་ལ་གཅིག་འདོམས་གནང་ནས་སྐུ་ངོ་མས་བོད་སྐྱོར་ལས་དོན་ལ་བཀོད་སྒྲིག་དང་སྐུལ་འདེད་བཏང་གནང་བ། བོད་སྐྱོར་མ་དངུལ་གཏོང་ཤུགས་ཆེ་བ་དང་། དེའི་ནང་ཞུགས་མཁན་མང་བ། ཁྱབ་རྒྱ་ཆེ་བ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པས། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཕམ་ཐག་གཅོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ཐོབ་པ་དང་། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལྷག་པར་དུ་བོད་དུ་རིམས་ནད་ཐོན་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་མགྱོགས་མྱུར་རོགས་སྐྱོར་བཅས་འོག རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གལ་ཆེའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། དཀའ་སྡུག་མཉམ་མྱོང་དང་སྤུན་ཉེའི་བརྩེ་སེམས་ཟབ་མོ། ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་གི་བརྩེ་སེམས་ཟབ་མོ་འདི་བོད་ཀྱི་མི་དམངས་ཚོས་སེམས་སུ་བརྟན་པོར་ངེས་ཡོད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་དང་ལྷག་པར་དུ་ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། གསུང་བཤད་ཀྱི་མགོ་ནས་མཇུག་བར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱབ་པ་དང་ལོ་བཅུའི་རིང་གི་ཁ་གཏད་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་དོན་སྙིང་རྒྱས་བཤད་གཏིང་ཟབ་བྱས་པ། ཁ་གཏད་བོད་སྐྱོར་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཁ་གཏད་བོད་སྐྱོར་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་གྱི་དུས་བབ་ལ་བརྡར་ཤ་བཅད་པ་དང་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཁ་གཏད་བོད་སྐྱོར་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བཟུང་ནས་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་ཐད་ནས་བོད་སྐྱོར་ལས་དོན་ལ་ལྟ་སྟངས་འཛིན་མཁས་པོ་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གསར་གཏོད་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས“མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བརྟན་པོ་སྐྲུན་དགོས།

    དམངས་འཚོའི་སྟོན་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གོང་བུར་འགྲིལ་རྒྱུ་དེ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ། བོད་སྐྱོར་མ་དངུལ་གཞི་རིམ་ལ་ཕྱོགས་པ་དང་། དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་པ། དཀའ་ཚེགས་ཆེ་བའི་མཐའ་མཚམས་ལུང་ཁུག་ས་ཁུལ་ལ་ཕྱོགས་པ་བཅས་ལ་སྐུལ་འདེད་བཏང་ནས། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་ཤུགས་ཆེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་དང་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་ནས་མང་ཚོགས་ཀྱི་སེམས་ལ་ཟུག་པ་དང་མང་ཚོགས་ཚོས་དྲོ་སྐྱིད་ཚོར་བ་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་པ་དང་། ཕན་པ་རྒྱ་ཁྱབ་ངང་ཐོབ་པ། ཡུན་རིང་ཕན་པ་ཐོབ་པ་བཅས་བྱེད་དགོས།

    རིག་སྟོབས་ཀྱི་བོད་སྐྱོར་གསར་གཏོད་དང་རྒྱ་སྐྱེད་གཏོང་དགོས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ནུས་ལྡན་དང་སྤྱོད་གོ་ཆོད་པའི་ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ། ཐོན་ལས་བོད་སྐྱོར་དང་ལས་ཞུགས་བོད་སྐྱོར་སོགས་ཀྱི་ཐད་ཤུགས་བརྒྱབ་ནས། ཚོང་འགུགས་མ་འདྲེན་ཤུགས་ཆེན་བྱེད་པ་དང་། སྔོན་ཐོན་ཉམས་མྱོང་ནང་འདྲེན་ཧུར་ཐག་བྱེད་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། བོད་ཀྱི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆར་བསྒྱུར་བ་བཅས་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྒུལ་ནུས་གསར་པ་བསྣན་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་བ་དང་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས།

    མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཁ་གཏད་བོད་སྐྱོར་གྱི་སྟོབས་ཤུགས་ཡག་པོ་སྤྱད་དེ་གཙང་པོ་དང་ཆུ་བོ་གཙོ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ་དང་། ས་ཆུ་ཤོར་བ་དང་། བྱེ་ཐང་ཅན། ས་གཤིས་གནོད་འཚེ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་དང་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་རྒྱག་དགོས།

    མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བཅས་བྱས་ནས། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཁ་གཏད་བོད་སྐྱོར་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་བཅུག་ནས་ཇུས་འགོད་དང་། གཅིག་གྱུར་བཀོད་སྒྲིག མཐུན་སྦྱོར་སྐུལ་འདེད། སྤེལ་རེས་མཉམ་ལས་གཏིང་ཟབ་བཅས་བྱས་ཏེ་བོད་སྐྱོར་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་ལས་ཀ་དང་འཚོ་བའི་ཆ་རྐྱེན་བཟང་པོ་སྐྲུན་གང་ཐུབ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་སྔར་བས་ཟབ་ཏུ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་སེམས་པ་གཅིག་ཏུ་ཕྱོགས་པ་དང་ནུས་ཤུགས་གཅིག་ཏུ་སྒྲིལ་བའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པ་བྱས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།