རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་13དང་ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བར་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཐའ་མའི་འགག་སྒྲོལ་ལས་དོན་སྐུལ་སློང་དང་བཀོད་སྒྲིག་གནང་བ་རེད།
བློ་བཟང་རྒྱལ་མཚན་ཀརྨ་དགོན་གསར་ཁྲོམ་གཞུང་དུ་ཕེབས་ནས་ཁོངས་གཏོགས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྤྱིའི་གནས་ཚུལ་སྙན་སེང་གསན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁྲོད་འཕྲད་པའི་དཀའ་ངལ་མཁྱེན་རྟོགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་རིམས་འགོག་འཐབ་ས་དང་པོར་དཀའ་སྤྱད་འབད་འཐབ་བྱེད་བཞིན་པའི་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུས་པ་དང་མཚམས་འདྲི་གནང་ཞིང་། ཁོང་གིས་རིམས་ནད་ཐོན་ནས་ཟླ་བ་གཅིག་ལྷག་ཙམ་སོང་ཚུན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གསལ་པོ་ཐུབ་པར་བྱས་ནས་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཤུགས་ཆེར་གཏོང་བ་དང་། དམག་འཐབ་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ། ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལས་ཀའི་སྤུས་ཚད་ལ་དོ་སྣང་བྱེད་པ་བཅས་ཀྱིས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གནད་སྨིན་དང་། ནུས་ཆེ། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་དོན་འཁྱོལ་ཏན་ཏིག་ཐུབ་པར་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྒྱུད་རིམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བའི་ཐད་ཤུགས་སྣོན་དང་། ཆ་འཕྲིན་ཐབས་ལམ་ཤར་གཏོང་། གནད་དོན་དུས་ཐོག་ཏུ་ཤེས་རྟོགས། གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་གསལ་འབྱེད། ལས་ཀའི་རྩིས་ཁྲ་བཟོ་བ། ལས་འགན་ཁ་གསལ་བཟོ་བ། དུས་ཚོད་དམ་འཛིན་དང་མཐུན་སྦྱོར་གྱིས་གནད་དོན་ཐག་གཅོད་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“མཐའ་མའི་འགག་གནད”སེལ་དགོས། “མ་དཔེ་སྐྱེལ་བ་དང་བརྟག་དཔྱད་གོང་ཞུའི”ཐད་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་རིགས་ཚང་མར་བརྟག་དཔྱད་བྱས་ཏེ་མི་གཅིག་ཁྱིམ་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས། མང་ཚོགས་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། མང་ཚོགས་ལ་དམ་པོར་བརྟེན་པ། འགན་འཁྲི་ཕྲག་ཐོག་ཏུ་ནན་པོ་འཁུར་བ་བཅས་བྱས་ནས། མི་སེར་ཚོའི་དཀའ་ངལ་དང་། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ངང་རྒྱུད་རིང་པོ་དང་། ཞིབ་ཚགས་པོ། སེམས་རྩ་འཁོལ་པོ་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་དགོས། སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། མིག་དཔེ་ཡག་པོ་འདོན་པ། གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་ཞེས་གསུངས་པ་རེད།