དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-14

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་12ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

    “ད་ལྟ་མི་ག་ཚོད་བརྒྱུད་འདྲེན་བྱེད་དགོས་སམ” “ལས་དོན་མི་སྣ་འདང་གི་འདུག་གམ”“ད་དུང་དཀའ་ངལ་གང་འདུག་གམ”ཞེས་ལྷ་ཀླུ་སྡེ་ཁུལ་དུ་བློ་བཟང་རྒྱལ་མཚན་གྱིས་ཉིང་སྐྱུར་བརྟག་དཔྱད་དང་། མི་སྣ་བརྒྱུད་འདྲེན། དངོས་ཟོག་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཁོང་གིས་རིམས་ནད་ཐོན་ཚུན་ཚང་མས་ཀུན་སེམས་གཅིག་སྒྲིལ་དང་དཀའ་ངལ་ཁྱད་བསད་བྱས་ཏེ་བསྟུད་མར་ཟླ་གཅིག་ལྷག་ཙམ་འབད་བརྩོན་དང་དཀའ་སྤྱད་འབད་འཐབ་བྱས་པས། རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིག་སྔར་ལྗོངས་ཡོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འགག་རྩའི་དུས་སུ་སླེབས་པས་ཚང་མས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་སེམས་ཤུགས་ཆེན་པོའི་སྒོ་ནས་རིམས་ནད་ལ་འཐབ་རྩོད་བྱེད་ཕོད་པ་དང་རིམས་ནད་ལ་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ་མཇུག་བསྡུ་སྐབས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱེད་པ་དང་ཆོད་སེམས་དེ་བས་ཆེན་པོ་དང་བྱ་ཐབས་དེ་བས་ནན་པོའི་སྒོ་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་མ་ཟད། དུས་མཚུངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་པར་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་རང་ངོས་ཀྱི་བདེ་ཐང་དང་བདེ་འཇགས་འགན་ལེན་ཡག་པོ་བྱེད་དགོས་ཞེས་མངགས་བཅོལ་ཡང་གནང་བ་རེད།

    “ཚང་མར་ཉིང་སྐྱུར་བརྟག་དཔྱད་བྱས་ཡོད་དམ”“ མིག་སྔར་ཁོངས་གཏོགས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གནད་དོན་གང་དག་གནས་ཡོད་དམ”ཞེས་རྔ་ཆེན་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་བར་སྐོར་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་བློ་བཟང་རྒྱལ་མཚན་གྱིས་རེ་རེ་བཞིན་བཀའ་འདྲི་གནང་ཞིང་། ཁོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ལས་ཀའི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ། ཉམས་མྱོང་ཕྱོགས་སྡོམ་དང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་རྩིས་ཐོ་བཟོ་བ་དང་ལས་འགན་ཁག་བགོས་ཞིབ་ཕྲ་བྱས་ཏེ་མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་པ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་གྲངས་ཁ་གསལ་དང་། དམིགས་ཚད་ཁ་གསལ། དོན་འཁྱོལ་ནུས་ལྡན་བཅས་ཐུབ་པ་བྱེད་དགོས། སྡེ་ཁུལ་གྱི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་དང་སློབ་གསོ་ཁྲིད་སྟོན་ཡག་པོ་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ཤུགས་ཆགས་པ་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པར་ལན་ཧུར་ཐག་བརྒྱབ་སྟེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དག་ཞིབ་ཚགས་དང་སེམས་རྩ་འཁོལ་པོའི་སྒོ་ནས་ཐག་གཅོད་བྱས་ཏེ་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།